རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་མཚོ་སྔོན་གྱིས་བསྒྲུབས་པའི་བྱ་བ་སྣ་ཁ4ལ་བསྟོད་བསྔགས་བྱས་འདུག

ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་པར་འགྲེམ་བྱས་པའི《2018ལོའི་འབྲེལ་ཡོད་སྲིད་ཇུས་གལ་ཆེན་ལག་བསྟར་དམ་འཛིན་བྱས་ནས་ཕན་འབྲས་མངོན་གསལ་བླངས་པའི་ས་གནས་ལ་དཔྱད་ཞིབ་ཐོག་གཟེངས་བསྟོད་བྱས་པའི་བརྡ་ཁྱབ》(རྒྱལ་གཞུང་གིས་སྤེལ་བའི(2019)ཡིག་ཆ20བ)ནང་དུ། 2018ལོར་འགག་གཏོར་ཆེན་པོ་གསུམ་དོན་འཁྱོལ་དང་ཞིང་གྲོང་དར་སྤེལ་འཐབ་ཇུས་ལག་བསྟར། “ལྷུག་གཏོང་། བདག་དོམ། ཞབས་ཞུ།” བཅོས་སྒྱུར། གསར་གཏོད་སྒུལ་ཤུགས་དར་སྤེལ། ནང་མཁོ་རྒྱ་བསྐྱེད་རྒྱུན་མཐུད། སྒོ་འབྱེད་ཆུ་ཚད་ཇེ་ལེགས། དམངས་ཚིས་ལེགས་བཅོས་དང་འགན་སྲུང་སོགས་ལ་འབྲེལ་བའི་སྲིད་ཇུས་བྱེད་ཐབས་གནད་ཆེན་དག་དམ་འཛིན་ཏན་ཏིག་བྱས་ནས་ཕན་འབྲས་མངོན་གསལ་བླངས་ཡོད་པའི་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)24དང་། གྲོང་ཁྱེར(ཁུལ)80། རྫོང(གྲོང་ཁྱེར། ཆུས། ཆི)120སོགས་ལ་ལྟ་ཞིབ་ཐོག་བསྟོད་བསྔགས་བྱས་འདུག དེ་ལས་རང་རེའི་ཞིང་ཆེན་གྱི་ཞིང་ཆེན་རིམ་པ་དང་། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། དམར་གཙང་ཆུས་བཅས་ཀྱི་བྱ་བ་སྣ་ཁ་བཞི་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་ཞིབ་ཐོག་གཟེངས་བསྟོད་བྱས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོ་བཅོས་སྒྱུར་ཕྱོགས་ནས“སློབ་གྲྭ་དང་ཁེ་ལས་མཉམ་སྐུལ་མཉམ་སྤེལ་ལ་ཤུགས་བསྣན་ཏེ། ལས་རིགས་སློབ་གསོ་གོང་སྤེལ་གྱི་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། ལས་རིགས་སློབ་གསོ་བཅོས་སྒྱུར་ཐད་ཀྱི་ཕན་འབྲས་མངོན་གསལ་རེད”ཅེས་སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ད་ལོའི་ལས་རིགས་སློབ་གསོ་བཅོས་སྒྱུར་ཚོད་ལྟའི་ས་གནས་ནང་མཚོ་སྔོན་སྔོན་ལ་བླངས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་ཆུ་ཚད་མཐོའི་བའི་ལས་རིགས་དང་ཆེད་ལས་ཀྱི་སློབ་གྲྭ་མཐོ་ཤོས། དེང་རབས་ཀྱི་ལས་རིགས་སློབ་གསོའི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་འཆར་གཞི་སོགས་ཀྲུང་དབྱང་གི་ཆེད་དོན་ལས་གཞི་ནས་དེ་ལ་རྒྱབ་སྐྱོར་བྱ་རྒྱུ་བྱས་ཡོད་པ་རེད།

ཟི་ལིང་གྲོང་ཁྱེར་གྱིས“ཚོང་དོན་ལམ་ལུགས་ཟབ་སྤེལ་གྱི་ཕན་འབྲས་མངོན་གསལ་ཡིན་པ་དང་། བྱ་བའི་ཐོག་མཐའ་བར་གསུམ་དུ་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱས་པ་སྤྱི་ཚོགས་ཀྱིས་དགའ་བསུ་དང་བསྟོད་བསྔགས་ཐོབ་ཡོད”ཅེས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཟི་ལིང་གྲོང་ཁྱེར་སྔོན་ལ་ཁེ་ལས་ཐོ་འགོད་སྟབས་བདེར་བསྒྱུར་ཅིང་། ཁེ་ལས་ཀྱི་ལོ་རེའི་སྙན་སེང་ཞུ་བའི་ལམ་ལུགས་བཅོས་སྒྱུར། སྤྱི་ཚོགས་མཉམ་བཅོས། ཁེ་ལས་ཡིད་རྟོན་ཉེན་ཁར་ལྟ་རྟོག གཞི་གྲངས་ཆེན་མོར་ལྟ་རྟོག་སོགས་ཚོང་དོན་ལམ་ལུགས་བཅོས་སྒྱུར་དང་། བྱ་བའི་ཐོག་མཐའ་བར་གསུམ་དུ་ལྟ་རྟོག་བྱེད་པའི་ཚོད་ལྟའི་ས་ཁུལ་ནང་བླངས་ཏེ། ཕྱི་ཚོང་དང་མ་དངུལ་གཏོང་འཇོག་གི་ཁེ་ལས་སུ་ཐོ་འགོད་ཆོག་པའི་དབང་ཆ་སྔོན་ལ་སྤྲད་པ་དང་། རྒྱལ་ཁབ་ཀྱི་བརྡ་ཁྱབ་ཐོན་ལས་གླིང་ཁུལ་གྱི་དཔྱད་སྡུར་ནས་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ་གཏན་འབེབས་བྱས་འདུག

མཚོ་ཤར་གྲོང་ཁྱེར་གྱིས“འབྲེལ་ཡོད་ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་པའི་ཕན་འབྲས་མངོན་གསལ་ཡིན་པ་དང་། གསར་གཏོད་ཀྱི་དཔེ་མཚོན་ལྡན་པའི་ཉམས་མྱོང་དང་ཐབས་ལམ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཐོག་གཟེངས་བསྟོད་བྱས”ཞེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་ད་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་ཁྲོད་མཚོ་ཤར་གྲོང་ཁྱེར་ལ“ལྟ་ཞིབ་མི་དགོས”པར་བཟོས།

དམར་གཙང་ཆུས་ཀྱིས“ཞིང་གྲོང་གི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱས་པའི་གྲུབ་འབྲས་མངོན་གསལ་རེད”ཅེས་ཞིང་ལས་ཞིང་གྲོང་པུའུ་དང་། ནོར་སྲིད་པུའུ་ཡིས་ད་ལོར་ཀྲུང་དབྱང་ནོར་སྲིད་ཀྱི་ལོ་ཧྲིལ་པོའི་ཞིང་གྲོང་ཕྱོགས་བསྡུས་བཅོས་སྒྱུར་གཏོང་སྤྲོད་སྤོ་སྒྱུར་བྱེད་དུས་དམར་གཙང་ཆུས་ལ་མ་དངུལ་ཁྲི2000ཡི་བསྟོད་བསྔགས་རྒྱབ་སྐྱོར་བྱས། གཙོ་བོ་ཞིང་གྲོང་གི“གསང་སྤྱོད་གསར་བརྗེ”དང་། གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་གཏོང་བ་སོགས་ཞིང་གྲོང་གི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་གི་འབྲེལ་ཡོད་འཛུགས་སྐྲུན་ཐད་བཀོལ་རྒྱུ་རེད།

ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་དང་གཟེངས་བསྟོད་ནི་བྱས་རྗེས་དངོས་ལ་དོ་སྣང་དང་། བརྒྱའི་ནང་ནས་བརྒྱད་འདེམས་ཏེ། དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་རྩ་དོན་ལྟར། 2018ལོའི་ལས་ཀ་གཙོ་བོ་དག་གི་གྲུབ་འབྲས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོ་དང་། ཆེད་དོན་ལྟ་ཞིབ། སྡེ་ཚན་གྱི་ཉིན་རྒྱུན་ལྟ་ཞིབ་བྱས་པའི་གནས་ཚུལ་ལ་ཕྱོགས་བསྡུས་ཐོག་དཔྱད་འཇོག་བྱས་པའི་རྨང་གཞིའི་ཐོག ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཧེ་བག་ལ་གཞིགས་ནས་ལྟ་སྐུལ་ཞིབ་བཤེར་གྱི་གཟེངས་བསྟོད་མིང་ཐོ་བཟོས་པ་རེད། ད་སྔ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་ཁག་གིས་དུས་ཚོད་དམ་འཛིན་ཐོག་ལྟ་སྐུལ་ཞིབ་བཤེར་གྱི་གཟེངས་བསྟོད་བྱེད་ཐབས་བཏོན་ཏེ། དྲང་ཕྱོགས་ཀྱི་གཟེངས་བསྟོད་ཕན་ནུས་དངོས་བཏོན་ནས་ས་གནས་ཀྱི་སྔོན་ཐོན་དང་། ཡར་བརྩོན་ལ་འབད་འབུངས། དོན་དངོས་སྒྲུབ་ལ་མཁས་པ། སྡུག་རུས་ཆེ་བའི་བྱ་སྤྱོད་ལ་ཡར་བསྟོད་ཡར་སྐུལ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་ལ་ཕན་འབྲས་གསར་པ་ཆུ་བོའི་རྒྱུན་བཞིན་ལོན་པར་སྐུལ་འདེད་བྱས་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།