མཚོ་ཤར་གྲོང་ཁྱེར་གྱིས“གསང་སྤྱོད་གསར་བརྗེའི”འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ད་ལོར་གསང་སྤྱོད3382རྒྱས་སྐྲུན་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལས། གསར་འགོད་པས་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།2019ལོར་མཚོ་ཤར་གྲོང་ཁྱེར་གྱིས་རིགས་མི་འདྲ་བའི་གསང་སྤྱོད33826གསར་སྐྲུན་དང་རྒྱས་སྐྲུན་བྱ་རྩིས་ཡོད་པའི་ཁྲོད། “གསང་སྤྱོད་གསར་བརྗེ”བྱེད་པའི་ལོ་གསུམ་གྱི་ལས་གཞིའི་དམིགས་ཚད་ལྟར33699གཏན་ཁེལ་བྱས་པ་ཡོད་པ་དང་།འཆར་གཞིའི་ཁྲོད་མི་འདུ་བའི་གསང་སྤྱོད127མང་དུ་གཏང་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།ད་ལོར།སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན་གྱི་བླང་བྱ་གཞིར་བཟུང་ནས། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ཆེན་གྱི་གསང་སྤྱོད་འཛུགས་སྐྲུན་གྱི་ཚད་གཞི་ལྟར་ལག་བསྟར་ནན་པོ་བྱེད་པའི་རྨང་གཞིའི་ཐོག་ཞིང་སྡེ་ཁྱིམ་ཚང་གི་གསང་སྤྱོད་གཙོ་གནད་དུ་བཟུང་ནས“སྔོན་སླ་རྗེས་དཀའ”ཡི་རྩ་དོན་གཞིར་བཟུང་སྟེ། སྡེ་བ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་གཅིག་སྡུད་ཡུག་སྦྲེལ་སྒྱུར་བཀོད་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་པ་རེད། ཆུ་དང་། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཁུལ་སོགས་བཙོག་ཆུ་གཙང་སྒྱུར་བྱེད་པའི་སྒྲིག་བཀོད་འཐུས་སྒོ་ཚང་བའི་ས་ཁུལ་གྱི་ཁྱིམ་ཚང་གི་གསང་སྤྱོད་སྔོན་ལ་སྒྱུར་བཀོད་བྱས་ཏེ་ནའོ་ཧྲན་སོགས་བཙོག་ཆུ་གཙང་སྒྱུར་བྱེད་དཀའ་བའི་ཆ་རྐྱེན་མི་འཛོམས་པའི་ས་ཁུལ་དུ་རིམ་བཞིན་སྒྱུར་བཀོད་བྱ་རྒྱུ་ཡིན་་པ་རེད། དེ་དང་ཆབས་ཅིག་ཏུ་ཤང་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་དེ“གསང་སྤྱོད་གསར་བརྗེ”བྱ་བར་སྐུལ་འདེད་གཏོང་བ་དང་། ཤང་དང་གྲོང་རྡལ་གྱི་སྲིད་གཞུང་དང་། སློབ་གྲྭ འཕྲོད་བསྟེན་ཁང་བཅས་ཀྱི་གསང་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་པ། གསང་སྤྱོད་ཚང་མ་ཆཡ་ཡོད་པའི་གསང་སྤྱོད་ལ་བསྒྱུར་ནས་ཁང་པའི་ནང་དུ་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་གཞིའི་ཆུ་ཡོད་པའི་གསང་སྤྱོད་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

དེ་ལས་གཞན་ད་དུང་སྤྱི་པའི་གསང་སྤྱོད་སྣ་ཚོགས་འཛུགས་སྐྲུན་བྱེད་པར་ད་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱས་ཏེ་བསྐྱར་སྐྲུན་དང་། གསར་སྐྲུན་འོས་འཚམ་བྱེད་པ། ཞིང་སའི་ས་སྤྱོད་པའི་རིགས་གཏན་འགོག་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་རྡལ་དང་། ཁྱིམ་ཚང་། མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་གནས། དགོན་སྡེ་སོགས་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་གསང་སྤྱོད་འཛུགས་སྐྲུན་དང་སྒྱུར་བཀོད་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་དང་རིགས་དབྱེའི་མཛུབ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱུ་ཆ་གྲ་སྒྲིག་དང་། གསང་སྤྱོད་གི་ས་ཆ་འདེམས་པ། ལས་གཞིའི་ཨར་ལས་སོགས་ཀྱི་ཐད་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་ཞབས་ཞུ་བྱས་ཏེ་ལས་ཀ་སྔ་མོ་ནས་དོན་འཁྱོལ་དང་ལས་གཞི་ལག་བསྟར་བྱེད་པ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

《མཚོ་ཤར་གྲོང་ཁྱེར་གྱི2019ལོའི“གསང་སྤྱོད་གསར་བརྗེ”འཛུགས་སྐྲུན་ལག་བསྟར་ཇུས་གཞི》གཞིར་བཟུང་ནས་འགན་འཁྲི་ཁག་བགོས་ལྟར། ད་ལོར་གྲོང་ཁྱེར་ཡོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད469གསར་སྐྲུན་དང་བསྐྱར་སྐྲུན་བྱེད་དགོས་པའི་ཁྲོད།ཞིང་སྡེ་ཡི་སྤྱི་པའི་གསང་སྤྱོད358དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་གསང་སྤྱོད111ཡོད་ལ། ཞིང་སྡེ་ཁྱིམ་ཚང་གི་གསང་སྤྱོད32900། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གསང་སྤྱོད25།སྤྱི་པའི་ཞབས་ཞུའི་སྒྲིག་གཞིའི་གསང་སྤྱོད་6ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་གསང་སྤྱོད་299ཤང་དང་གྲོང་རྡལ་སྲིད་གཞུང་གི་གསང་སྤྱོད77ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་སྒྲིག་གཞིའི་གསང་སྤྱོད་26ཤང་དང་གྲོང་རྡལ་གྱི་སློབ་གསོའི་སྒྲིག་གཞིའི་གསང་སྤྱོད་24བཅས་གསར་དུ་བསྐྱར་སྐྲུན་བྱ་རྒྱུ་ཡིན་པ་རེད།

མ་དངུལ་བཀོད་སྒྲིག་ཐད་ནས།ཞིང་ཆེན་རིམ་པའི་ཆེད་སྤྱོད་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི6491ཟིན་པའི་ཁྲོད།ཞིང་སྡེ་ཁྱིམ་ཚང་གི་གསང་སྤྱོད་32900ལ་སྒོར1000རེ་ཡི་ཚད་གཞི་ལྟར་ཁ་གསབ་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་གསང་སྤྱོད111ལ་སྒོར་ཁྲི10ཡི་ཚད་གཞི་ལྟར་ཁ་གསབ་བྱས་པ། ཞིང་སྡེ་ཡི་སྤྱི་པའི་གསང་སྤྱོད358ལ་སྒོར་ཁྲི5ཡི་ཚད་གཞི་ལྟར་ཁ་གསབ་བྱ་རྒྱུ་ཡིན་པར་མ་ཟད། དམངས་སྲིད་ཕན་བདེའི་སྒྲིག་གཞིའི་སྤྱི་པའི་གསང་སྤྱོད5སྒོར་ཁྲི་1རེ་ཡི་ཚད་གཞི་ལྟར་ཁ་གསབ་བྱེད་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་སྤྱི་པའི་གསང་སྤྱོད་299ལ་སྒོར་ཁྲི་1རེ་ཡི་ཚད་གཞི་ལྟར་ཁ་གསབ་བྱེད་པ། གྲོང་ཁྱེར་གྱི་འཆར་གཞི་ཕུད་པའི་ཤང་དང་གྲོང་རྡལ་གྱི་ལས་ཁུངས་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། ཤང་དང་གྲོང་རྡལ་གྱི་ལྟེ་བའི་སློབ་གྲྭའི་སྤྱི་པའི་གསང་སྤྱོད127ལ་གྲོང་ཁྱེར་སྲིད་གཞུང་གིས་ཚད་གཞི་ལྟར་ཁྲི10རེ་ཡི་ཁ་གསབ་རོགས་དངུལ་བསྡོམས་པའི་སྒོར་ཁྲི1270གནས་ནས་མི་འདང་བའི་ཆ་དེ་རྫོང་དང་ས་ཁུལ་དེ་ཡིས་རང་གྲབས་ཐག་གཅོད་བྱེད་དགོས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།