ཟི་ལིང་ནས་ལྐོག་ཚོང་གཉེར་མཁན་གཉིས་འཛིན་བཟུང་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ5པའི་ཚེས15ཉིན། མཚོ་སྔོན་པོ་རང་བྱུང་སྲུང་སྐྱོབ་ཁུལ་ཆུ་ཐོག་སྤྱི་བདེ་ཅུའུ་ཡིས་གྲོང་ཁྱེར་ཉ་ལས་སྲིད་འཛིན་སྡེ་ཁག་དང་མཉམ་འབྲེལ་སྒོས་ཁྲོམ་རར་རྟོག་ཞིབ་བྱེད་སྐབས། ཁྲིམས་འགལ་སྒོས་མཚོ་སྔོན་པོའི་ཉ་ལྐོག་ཚོང་བྱེད་པའི་གྱོད་དོན་གཉིས་རྩད་ཆོད་བྱུང་སྟེ། དོགས་ཡོད་ཉེས་ཅན་གཉིས་ཡུལ་དངོས་ནས་འཛིན་བཟུང་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། ཟླ5པའི་ཚེས15ཉིན་གྱི་ཞོགས་པའི་དུས་ཚོད8སྟེང་། ཁྲིམས་འཛིན་མི་སྣས་མཁར་ཤར་ཁུལ་སྲང་ལམ་ལྷོ་མའི་ཁྲོམ་རར་རྟོག་ཞིབ་བྱེད་སྐབས། མཚོ་སྔོན་པོའི་ཉ་ལྐོག་ཚོང་བྱེད་བཞིན་པ་མཐོང་ནས་ལས་བྱེད་མི་སྣས་ཡུལ་དངོས་སུ་མཚོ་སྔོན་པོའི་ཉ་སྒམ་གསུམ་དང་འགྱིག་ཕད་གང་ལག་སོན་བྱུང་། ཉེས་ཅན་མི་སྣར་འདྲི་གཅོད་བྱས་པ་བརྒྱུད། ཁོས་བསྡུ་ཉོ་བྱས་པའི་ཉ་ནི་མཚོ་སྔོན་པོའི་ཉ་ཡིན་པ་ཁས་བླངས། དེར་མཚོ་སྔོན་པོའི་ཉ་བསྡོམས་པའི་སྤྱི་རྒྱ167.75ལག་སོན་བྱུང་སྟེ། ཡུལ་དངོས་ནས་མཚོ་སྔོན་པོའི་ཉ་དང་འབྲེལ་ཡོད་ལག་ཆ་གཞུང་བཞེས་བྱས་ནས་ཉེས་ཅན་མི་སྣ་ཉེས་དོན་བཀག་སྐྱིལ་བྱས་པ་རེད།

ཉིན་དེའི་དུས་ཚོད11ཡས་མས་སུ། མཚོ་སྔོན་པོ་རང་བྱུང་སྲུང་སྐྱོབ་ཁུལ་ཆུ་ཐོག་སྤྱི་བདེ་ཅུའུ་ལས་བྱེད་མི་སྣར་མང་ཚོགས་ཀྱི་གཏུག་བཤེར་འབྱོར་ཏེ།མི་ཞིག་གིས་མཚོ་སྔོན་པོའི་ཉ་ལྐོག་ཚོང་བྱེད་བཞིན་ཡོད་ཟེར། ཁྲིམས་འཛིན་མི་སྣ་མྱུར་དུ་གནས་དེར་སོང་སྟེ། མཁར་དབུས་ཁུལ་ཡོན་ཧྲུའུ་སྡེ་གསར་ནས་མཚོ་སྔོན་པོའི་མཚོ་སྔོན་པོའི་ཉ་ལྐོག་ཚོང་བྱེད་བཞིན་པའི་ཉེས་ཅན་ཀའོ་ཆེ་གེ་མོ་འཛིན་བཟུང་བྱས་པར་མ་ཟད། མཚོ་སྔོན་པོའི་ཉ་སྤྱི་རྒྱ6.9ལག་སོན་བྱུང་ཞིང་། ཉེས་ཅན་མི་སྣ་སྲིད་འཛིན་བཀག་སྐྱིལ་བྱས་པ་རེད།

མཚོ་སྔོན་པོ་རང་བྱུང་སྲུང་སྐྱོབ་ཁུལ་ཆུ་ཐོག་སྤྱི་བདེ་ཅུའུ་འགན་ཁུར་མི་སྣས་བཤད་རྒྱུར། ལོ་འདི་འགའི་རིང་། ཁེ་སྤོགས་མཐོ་བའི་གནས་བབ་འོག མཚོ་སྔོན་པོའི་མཐའ་སྐོར་གྱི་བཟའ་བཏུང་ལས་རིགས་དང་སྒེར་གཉེར་ཟ་ཁང་། ཟི་ལིང་གྲོང་ཁྱེར་མཐའ་འཁོར་གྱི་ཇ་ཁང་སྐོར་ཞིག་གིས་ཁྲིམས་འགལ་སྒོས་མཚོ་སྔོན་པོའི་ཉ་འཚོང་བའི་སྣང་ཚུལ་མང་པོ་ཞིག་བྱུང་བ་རེད། མཚོ་སྔོན་པོའི་ཉ་ལྐོག་ཚོང་མཁན་ལ་རྡུང་རྡེག་ནན་མོ་གཏང་ཆེད། ན་ནིང་བསྡོམས་པའི་སྐོར་ཞིབ་མི་སྣ580དང་རླངས་འཁོར160ཡིས་ས་ཁོངས་གཙོ་བོ་ནས་བསྡོམས་པའི་སྤྱི་ལེ29420ལ་སྐོར་ཞིབ་བྱས་ཤིང་། བསྡོམས་པའི་གྱོད་དོན་སྣ་ཚོགས22བསྒྲུབས་ཏེ། གྱོད་གཞི་དང་འབྲེལ་བའི་མཚོ་སྔོན་པོའི་ཉ་སྤྱི་རྒྱ2695.9ལག་སོན་བྱུང་བར་མ་ཟད། ཁྲིམས་འགལ་ཉ་རྒྱ2939གཞུང་བཞེས་དང་དངུལ་ཆད་སྒོར་ཁྲི6.8བཅད་ཅེས་བཤད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།