ཝང་ཅན་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོས་སྟེགས་བུའི་འཕྲིན་ལྟར་ན། ཟླ5པའི་ཚེས15ཉིན། ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་གྱི་ཁེ་ལས་དང་གཞིས་ཁུལ། ཞིང་སྡེ་རུ་རྟོག་ཞིབ་བྱེད་པར་སོང་། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་ཇེ་བརྟན་དུ་གཏོང་བ། ཧུར་ཐག་གིས“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”སྤེལ་ནས། འཕེལ་རྒྱས་དང་དམངས་ཕན་གཉིས་ཕན་ཚུན་སྐུལ་འདེད་གཏོང་བ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏང་དགོས་ཟེར།

ཉིན་དེའི་ཞོགས་པར། ཝང་ཅན་ཅུན་ཐོག་མར་ཀྲུང་ཐེ་གོ་ལག་བཟོ་སྐྲུན་ཚད་ཡོད་ཀུང་ཟི་རུ་སོང་བ་དང་། སྔ་རྗེས་སུ་གནོན་ཆས་འཁོར་ཁང་དང་མགྱོགས་མྱུར་འཁོར་ཁང་། རྡུང་ཐོ་འཁོར་ཁང་བཅས་སུ་སོང་ནས། ཁེ་ལས་ཀྱི་འཁོར་སྐྱོད་དང་ལག་རྩལ་ཞིབ་འཇུག་གསར་སྤེལ། བཟོ་རྩལ་རྒྱུད་རིམ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་པ་དང་། ཁེ་ལས་ཀྱི་ཐོན་ལས་གྲུབ་ཚུལ་དང་ཐོན་རྫས་གཙོ་བོ། ཚོང་གཉེར་ཁོར་ཡུག་གིས་ཁེ་ལས་ཀྱི་མྱོང་ཚོར་དང་ལྟ་ཚུལ་རྒྱུས་ལོན་བྱས། ཁོས་བསྟན་དོན། ཁེ་ལས་འཕེལ་རྒྱས་གཏོང་བར་ངེས་ཤུགས་རྒྱུན་འཁྱོངས་དང་ཆོས་ཉིད་བརྩི་སྲུང་། ལག་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་དང་ཐོན་ལས། ཐོན་རྫས། ཁྲོམ་ར་བཅས་ཀྱི་འབྲེལ་བ་དམ་འཛིན་ཡག་པོ་བྱ་དགོས་ཤིང་། ཐོན་རྫས་ཀྱི་ལྟེ་བ་དམ་འཛིན་བྱེད་པ་དང་། ཁྲོམ་རའི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ། གོང་འོག་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པ། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་བཏང་བ་བཅས་བྱས་ནས། རང་ཞིང་གི་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་བཤད་པ་རེད།

ཧྲིག་ལི་གྲོང་རྡལ་ཧྲིག་ལི་གཞིས་ཁུལ་དུ། ཝང་ཅན་ཅུན་གྱིས་གཞིས་ཁུལ་གྱི་བྱ་བའི་མི་སྣར་འཚམས་འདྲི་བྱས་པ་དང་། གཞིས་ཁུལ་གྱི་བྱ་བའི་བྱེད་ཐབས་དང་ཞབས་ཞུ། “གཅིག་ཅན་ལྔ”སོགས་མང་ཚོགས་ཀྱི་བྱ་འགུལ་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་པ་མ་ཟད། ཏང་གི་མང་ཚོགས་བྱ་བ་གཞི་རིམ་དུ་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་གཞི་རིམ་བཟོ་སྐྲུན་གྱི་ཉམས་མྱོང་བཟང་པོར་སྤྱི་སྡོམ་བྱ་དགོས་ཞེས་ནན་གྱིས་བསྟན་པ་དང་། གཞིས་ཁུལ་གྱིས་དྲ་མིག་གི་ནུས་པ་འདོན་སྤེལ་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་བཟང་པོར་བསྒྲུབ་ནས། སྡོད་དམངས་རང་རྟོགས་རང་མོས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཁྲོད་ཞུགས་པའི་བསམ་བློ་ཆེར་སྐྱེད་དགོས་པའི་རེ་བ་བཏོན་པ་རེད།

ཡུས་ཚོང་ལི་དང་ཉའོ་ཁྲིན་ཡུན་གཉིས་རྟོག་ཞིབ་ཁྲོད་ཞུགས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།