ཞིང་ཆེན་སྲིད་གཞུང་གིས་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

 མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ5པའི་ཚེས15ཉིན། ཞིང་ཆེན་སྲིད་གཞུང་གིས་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་ཤིང་། རྒྱལ་ཡོངས་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་གཞུང་དོན་ཁང་གི་ཀྲུའུ་རེན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། 2018ལོའི་ཞིང་ཆེན་ཡོངས་ཀྱི་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་ཚུལ་ལ་ཕྱིར་རྟོག་དང་ཕྱོགས་སྡོམ་བྱས་པ་མ་ཟད། ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།

 ཚོགས་འདུ་ལས་བསྟན་དོན། 2018ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ཞིང་ཆེན་གྱིས་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཕྱོགས་བསྡུས་བཅོས་སྐྱོང་གི་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་ཁག་གིས་གནས་ཤུགས་མཉམ་འདོན་དང་གནད་འཛིན་སྤྱི་གཉེར་བྱས་ཏེ། ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཞིང་། ལྐོག་ཚོང་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་བཙན་གནོན་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་པས། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། སྣ་མང་མཉམ་བཅོས་ཀྱི་ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་ཟེར།

 གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལྐོག་ཚོང་ལ་རྡུང་རྡེག་གཏོང་བ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། མི་དམངས་ཀྱི་ཁེ་ཕན་དང་ཡང་འབྲེལ་བ་ཡོད། རང་ཞིང་གི་ཁྲོམ་རའི་འཁོར་རྒྱུགས་ཁྱབ་ཁོངས་སྔར་ལས་སྒོ་འབྱེད་དང་ཚོང་ལས་ཁོར་ཡུག་སྔར་ལས་སྟབས་བདེ་རུ་གྱུར་པ་དང་བསྟུན་ནས། ལྐོག་ཚོང་རིགས་ཀྱི་ཉེན་ཁ་ཡང་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད་ལ། རྡུང་རྡེག་གི་གནས་ཚུལ་ཡང་སྔར་བཞིན་ཅུང་རྙོག་འཛིང་གི་རྣམ་པར་གནས་ཡོད། རིགས་སོ་སོའི་ཁོངས་གཏོགས་སྡེ་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་མཐོ་ཞིང་། “འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་འགན་ནུས་ལག་བསྟར་མཐའ་འཁྱོལ་བྱ་དགོས་ཤིང་། ལྐོག་ཚོང་ལ་རྡུང་རྡེག་བྱེད་པའི་འགན་འཁུར་ལམ་ལུགས་ཞིབ་ཕྲ་ཅན་དུ་བཏང་ནས། ཆེད་ལས་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པའི་ནུས་པ་དང་ཁྲིམས་བསྟར་ཡིད་རྟོན་ནུས་པ་ལ་ཕན་འབྲས་ལྡན་ཞིང་། ལྟ་སྐུལ་ཞིབ་བཤེར་གྱི་གནད་ས་དམ་འཛིན་དང་འདྲི་རྩད་ཀྱི་ཤུགས་ཆེ་རུ་བཏང་ནས། བྱ་བའི་ལག་བསྟར་དངོས་འབེབ་དོན་འཁྱོལ་བྱ་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།