ད་ལོར་རང་ཞིང་གིས་རོང་འབྲོག་ཁྱིམ་ཚང་ཁྲི1.5ཡི་ཉེན་ཁ་ཡོད་པའི་སྡོད་ཁང་དང་ཁང་རྙིང་ལེགས་བཅོས་བྱ་རྩིས་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ5པའི་ཚེས15ཉིན་གསར་འགོད་པར་ཞིང་ཆེན་སྡོད་ཁང་དང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།ད་ལོར་རང་ཞིང་གིས་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང15000གི་ཉེན་ཡོད་སྡོད་ཁང་དང་ཁང་རྙིང་སྒྱུར་བཀོད་འཛུགས་སྐྲུན་ལག་བསྟར་བྱས་ནས།ལོ་མཇུག་བར“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་སྡོད་ཁང་བདེ་འཇགས་འགན་ལེན་དང་ཉེན་ཁ་ཡོད་པའི་སྡོད་ཁང་གཙང་སེལ་གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

ད་ལྟ།ས་གནས་སོ་སོའི་སྡོད་ཁང་འཛུགས་སྐྲུན་དང་དབུལ་སྐྱོར།དམངས་སྲིད།དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་སྡེ་ཚན་བཞིས་མཐིལ་རྟོགས་གྲལ་བཤེར་བྱས་པ་བརྒྱུད།རྫོང་སྲིད་གཞུང་དང་ཁུལ་སྲིད་གཞུང་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་ཕུལ་ནས2019ལོར་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་སོགས“གཙོ་གནད་བྱ་ཡུལ་རིགས4ཡི་ཉེན་ཁ་ཡོད་པའི་སྡོད་ཁང་སྒྱུར་བཀོད་ལས་འགན་དེ་ཁྱིམ་ཚང3265དང་སྤྱིར་བཏང་གི་དུད་ཚང11735སྒྱུར་བཀོད་ལས་འགན་གཏན་འཁེལ་བྱས་པ་རེད། ཁ་གསབ་ཚད་གཞིའི་ཐད།ཉེན་ཁ་ཡོད་པའི་ཁང་རྙིང་སྒྱུར་བཀོད་ཁ་གསབ་མ་དངུལ་ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར་ཁྲི2.5ཡིན་ཞིང་། དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པ་སོགས“གཙོ་གནད་བྱ་ཡུལ་རིགས་བཞིའི”ཁྱིམ་ཚང་རེར་ཆ་སྙོམས་ཁ་གསབ་མ་དངུལ་སྒོར་ཁྲི2.5ཡི་རྨང་གཞིའི་ཐོག་སླར་ཡང་སྒོར་ཁྲི1ནས་སྒོར་ཁྲི1.5བར་མཐོ་རུ་གཏང་རྒྱུ་ཡིན་པར་མ་ཟད། ཧ་ཅང་དབུལ་བའི་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་ལ་དབུལ་སྐྱོར་མ་དངུལ་བསྡུ་སྒྲིལ་བྱས་པ་བརྒྱུད་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་བཏང་ནས་དབུལ་ཕོངས་ཁྱིམ་ཚང་ལ་རང་གིས་གསོག་པའི་མ་དངུལ་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་པ་རེད།

ཉེན་ཁ་ཡོད་པའི་སྡོད་ཁང་དང་ཁང་རྙིང་སྒྱུར་བཀོད་འཛུགས་སྐྲུན་བྱེད་སྐབས།ཁང་པའི་རྒྱ་ཁྱོན་དེ་ཚད་གཞི་དང་མཐུན་དགོས་ལ།“གཙོ་གནད་བྱ་ཡུལ་རིགས4”ཡི་རྩ་དོན་ཐོག་མི1ནས3བར་གྱི་ཁྱིམ་ཚང་གི་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ40ནས60བར་ཚོད་འཛིན་བྱེད་དགོས་པ་མ་ཟད།མི1ཅན་གྱི་ཁྱིམ་ཚང་གི་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ20ལས་མི་དམའ་བ།མི2ཅན་གྱི་ཁྱིམ་ཚང་གི་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ30ལས་མི་དམའ་བ།མི3ཅན་གྱི་ཁྱིམ་ཚང་གི་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ40ལས་མི་དམའ་བ་བཅས་བྱེད་དགོས་པར་མ་ཟད། མི3ཡན་ཅན་གྱི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ18ལས་མི་བརྒལ་བ་དང་སྨི་གྲུ་བཞི་མ13ལས་དམའ་མི་ཆོག་པ་རེད རང་གིས་གསོག་པའི་མ་དངུལ་དང་ངལ་རྩོལ་ནུས་པ་ཧ་ཅང་ཞན་པ་དང་།སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཀྱི་མཐའ་སྐྱོང་དབུལ་སྒྲོལ་བྱེད་དགོས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ནུས་པ་མེད་པའི་དབུལ་ཕོངས་ཁྱིམ་ཚང་ཚོད་འཛིན་གྱི་གཞི་ཁྱོན་གཞིར་བཟུང་སྡོད་ཁང་འགན་ལེན་གྱི་གནད་དོན་ཐག་གཅོད་བྱས་ཏེ་བུ་ལོན་ཟུག་དྲགས་པ་དང་སྡོད་ཁང་བསྐྱར་སྐྲུན་བྱས་ཏེ་དབུལ་པོར་འགྱུར་པའི་རིགས་སྔོན་འགོག་བྱས་ཏེ། སྤྱིར་བཏང་དུ་མི་རེར་ཆ་སྙོམས་ཀྱིས་སྨི་གྲུ་བཞི་མ25ལས་མི་བརྒལ་པར་ཚོད་འཛིན་བྱེད་དགོས་ལ། གཏན་འབེབས་ལྟར་ཁང་པ་འཛུགས་སྐྲུན་བྱེད་པ་དང་།ཚད་གཞིའི་རྒྱ་ཁྱོན་ལས་བརྒལ་བ།ཁ་ཏ་བསླབ་བྱ་ཡང་ཡང་བྱས་ཀྱང་ནུས་པ་མེད་པའི་སྒྱུར་བཀོད་བྱ་ཡུལ་ལ་མ་དངུལ་ཁ་གསབ་ཀྱི་ཐོབ་ཐང་མེད་པར་བྱ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།