ཞིང་ཆེན་ཡོངས་ཀྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་གི“དམིགས་ཚད་གཉིས”ཀྱི་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས14ཉིན་ཞིང་ཆེན་ཡོངས་ཀྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་གི“དམིགས་ཚད་གཉིས”ཀྱི་ལས་དོན་བཀོད་གཏོང་ཚོགས་འདུ་ཟི་ལིང་དུ་འཚོགས། ཧྲིན་ཀྲང་དང་ཞིང་ཆེན་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིག་ཉིང་གིས་ཞིང་ཆེན་ཡོངས་ཀྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་ལས་དོན་ལ་ཡིག་ཐོག་གི་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པའམ། ཞིང་ཆེན་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་དབྱང་ཧྥུང་ཁྲུན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་རེད།

ཚོགས་འདུས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་རྒྱུས་རྩོམ་སྒྲིག་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏང་བ། ཁྲིམས་བཀོད་འགན་འཁྲི་དོན་འཁྱོལ། ལམ་སྲོལ་འཐུས་ཚང་དུ་གཏང་བ། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་བཅས་ཀྱི་སྒོ་ནས། ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས། ཚད་མཐོའི་མཐོང་ཆེན་དང་།འགོ་ཁྲིད་ལ་ཤུགས་སྣོན།དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་མཐའ་འཁྱོངས།དམིགས་འབེན་ལས་འགན་དང་དུས་ཚོད་ཀྱི་བླང་བྱ་ཁ་གསལ་བཟོ་བ།རྡོ་ཐོག་རྐང་རྗེས་འཇོག་པ་དང་ལྕགས་ལ་ལག་རྗེས་འཇོག་པའི་ཤུགས་ཚད་དང་ངར་ཤུགས་བརྟན་པོར་བརྟེན་ནས། ལས་འགན་ལག་ཏུ་འཛིན་པ་དང་། ཕྲག་ཐོག་ཏུ་འཁུར་བ། བྱ་སྤྱོད་ཐོག་དོན་འཁྱོལ་བཅས་ཀྱི་སྒོ་ནས། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་པ། རིམ་བཞིན་འགན་འཁྲི་ཏན་ཏིག་ཁུར་ནས་སྤུས་ཚད་འགན་ལེན་གྱིས“དམིགས་ཚད་གཉིས”དུས་ཐོག་ཏུ་ལེགས་འགྲུབ་ཐུབ་པར་འགན་ལེན་བྱ་དགོས་པ་བསྟན།

ཀྲུང་གོ་ས་གནས་ལོ་རྒྱུས་མཛུབ་སྟོན་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ཕུགས་འདུན་ཏེ“དམིགས་ཚད་གཉིས”ཀྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་དང་།ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་།རྨ་ལྷོ་ཁུལ་སྲིད་གཞུང་།ཡུལ་ཤུལ་ཁུལ་སྲིད་གཞུང་།ན་གོར་མོ་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་བཅས་ཀྱིས་གཏམ་གླེང་སྤེལ།

ལོ་ཙཱ་བ། གཡང་སྐྱིད།