ཟི་ལིང་གི་ནག་ཚོགས་གྱོད་དོན་ཞིག་རྩད་ཆོད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ5པའི་ཚེས14ཉིན། ཁྲི་ཀ་རྫོང་མི་དམངས་ཁྲིམས་ཁང་གིས་ཆིས་ཆེ་གེ་མོ་དང་ཧན་ཆེ་གེ་མོ། ཀའོ་ཆེ་གེ་མོ་སོགས་ཉེས་ཅན་མི་སྣ16གིས་གཞན་ལ་བརྙས་གཙེ་བཟོས་པ། སྐུག་ར་བཙུགས་པ། སྨད་འཚོང་མ་བསྡུས་པ། སྨད་འཚོང་ལས་ཀ་གཉེར་རོགས་སོགས་ཀྱི་ནག་ཉེས་ལ་ཞིབ་གཅོད་བྱས། ཐེངས་འདིའི་གྱོད་དོན་ནི2018ལོར་ནག་ཚོགས་གཏོར་འཇོམས་ཀྱི་ཆེད་དམིགས་ལས་དོན་སྤེལ་པའི་ཚུན་ལ། མཚོ་ལྷོ་ཁུལ་གྱིས་བསྒྲུབས་པའི་ནག་ཚོགས་ཀྱི་གྱོད་དོན་ཐོག་མ་ཡིན་ཞིང་། ཉེས་ཅན་མི་སྣ་མང་ལ་ཤུགས་རྐྱེན་གྱི་ཁྱབ་རྒྱ་ཆེ་བས། སྤྱི་ཚོགས་དང་དཔལ་འབྱོར་འཚོ་བའི་སྒྲིག་རིམ་ལ་གཏོར་བརླག་ཚབ་ཆེན་བཟོས་ཏེ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་དོ་སྣང་ཚད་མེད་བྱས་པ་རེད།

ཞིབ་གཅོད་བྱས་པ་བརྒྱུད། ཞུ་གཏུགས་པ་ཆིས་ཆེ་གེ་མོ་དང་ཧན་ཆེ་གེ་མོ། ཀའོ་ཆེ་གེ་མོ་བཅས་ཀྱིས་ཟི་ལིང་གྲོང་ཁྱེར་ཧོང་ཡུས་མགྲོན་ཁང(鸿宇宾馆)གི་གམ་ནས་ཁྲིམས་འགལ་གྱིས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཁ་ལོ་པའི་ལག་ནས་དུས་ཡུན་རིང་པོར་སྲུང་སྐྱོབ་གྲོན་དངུལ་དང་ཚོགས་ཞུགས་གྲོན་དངུལ་བསྡོམས་པའི་སྒོར119300བླངས་པ་དང་། ལག་ཏུ་མཚོན་ཆ་སྣ་ཚོགས་བཟུང་ནས་ཏའེ་ཆེ་གེ་མོའི་རྗེས་འདེད་པ་དང་ལམ་བར་ནས་བཀག་ནས་གཅར་རྡུང་བྱས་ཏེ་གནོད་ཐེབས་མཁན་ལ་རྨས་སྐྱོན་བཟོས་པར་མ་ཟད། ཏའེ་ཆེ་གེ་མོ་བསྡད་ཡོད་པའི་གླ་གཏོང་རླངས་འཁོར་གྱི་ཤེལ་སྒོ་བཅག རྒྱན་འཇོག་ཁང་བཙུགས་ནས་ཁྲིམས་འགལ་མ་དངུལ་བསྡོམས་པའི50000བླངས་ཤིང་། ཆིས་ཆེ་གེ་མོས་སྨད་འཚོང་རྩ་འཛུགས་ལ་རོགས་འདེགས་བྱས་ཏེ་ཁྲིམས་འགལ་མ་དངུལ28600བླངས་པ་རེད། ཞུ་གཏུགས་མི་སྣ16གིས་སྤྱི་ཚོགས་དོ་དམ་སྒྲིག་རིམ་ལ་གཏོར་བརླག་ཚབ་ཆེན་བཟོས་པས་སོ་སོར་གཞན་ལ་བརྙས་གཅེའི་ནག་ཉེས་དང་སྐུག་ར་བཙུགས་པའི་ནག་ཉེས། སྨད་འཚོང་རྩ་འཛུགས་ཀྱི་ནག་ཉེས། སྨད་འཚོང་ལས་ཀ་ལ་རོགས་འདེགས་བྱས་པའི་ནག་ཉེས་ཀྱི་ཁྲིམས་ཆད་བཅད་པ་རེད།

ཁྲི་ཀ་རྫོང་མི་དམངས་ཁྲིམས་ཁང་གིས་མཉམ་གྲོས་ཞིབ་གཅོད་དང་ཞིབ་གཅོད་ཨུ་ཡོན་ལྷན་ཁང་གིས་གྲོས་བསྡུར་གཏན་འབེབས་བྱས་པ་བརྒྱུད། ཞུ་གཏུགས་མི་སྣ16པོ་ཁྲིམས་ལྟར་ལོ17ནས་ལོ2ཀྱི་རིམ་པ་མི་འདྲ་བའི་དུས་བཀག་བཙོན་འཇུག་བྱས། ནག་ཉེས་གཏེ་བོ་ཆིས་ཆེ་གེ་མོ་དུས་བཀག་བཙོན་འཇུག་ལོ17དང་དངུལ་ཆད་སྒོར་ཁྲི6བཅད། ཧན་ཆེ་གེ་མོ་དུས་བཀག་བཙོན་འཇུག་ལོ12དང་ཟླ་བ6གི་ཁྲིམས་ཆད་དང་དངུལ་ཆད་སྒོར་ཁྲི4.4བཅད། ཀའོ་ཆེ་གེ་མོ་དུས་བཀག་བཙོན་འཇུག་ལོ10དང་དངུལ་ཆད་སྒོར་ཁྲི4.4བཅད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།