མཚོ་སྔོན་ནས་ཁེ་ལས་དང་མང་ཚོགས་ཀྱིས་དོན་དག་སྒྲུབ་དུས་སུ་ལེན་དགོས་པའི་དཔང་ཡིག་དོན་ཚན102མེད་པར་བཟོས་པ།

ཉེ་ལམ་ཞིང་ཆེན་སྲིད་གཞུང་གི་སྲིད་དོན་ཞབས་ཞུ་ཚོམས་ཆེན་དུ་ཁེ་ལས་ཀྱི་མིང་སྔོན་ལ་ཆོག་མཆན་འགོད་དུ་འོང་བའི་སྐུ་ཞབས་ཧུང་གིས་འདི་སྐད། ཉེ་བའི་ལོ་འདི་དག་གི་རིང་ལ། བཅོས་སྒྱུར་གྱི་ལས་དོན་ཁག་ཆུ་བོའི་རྒྱུན་བཞིན་སྤེལ་བ་དང་བསྟུན་ནས་ཁེ་ལས་དང་མང་ཚོགས་ཀྱི་ལས་སྒྲུབ་དང་ལས་གཏོད་སོགས་ཐད་ཀྱི་འབྲེལ་ཡོད་དཔང་ཡིག་ལེན་པའི་འགྲོ་ལུགས་སྔོན་ཆད་ལས་ཇེ་ཉུང་དུ་སོང་ནས་སྒྲུབ་སླ་ཞིང་མྱུར་བ་བཅས་སྟབས་ཧ་ཅང་བདེ་བོ་བཟོས་འདུག སྔོན་ཆད་ལྟ་བུར་མཚོན་ན“ང་ནི་ང་ཡིན”ཞེས་མངོན་སུམ་ཚད་མའི་དཔང་བདེན་གྱི‘ར་སྤྲོད’དགོས་པ་སོགས“དཔང་ཡིག་ཁྱད་མཚར་བོ”སྒྲུབ་དགོས་ཀྱི་ཡོད།ད་ནི་དེ་དག་གཞི་ནས་རིང་དུ་བསྐྲད་དེ་དམངས་ལ་ཕན་ཞིང་། སྒྲུབ་སླ་བ། ཞབས་ཞུ་བཟང་པོའི་འགྲོ་ལུགས་སྟབས་བདེར་བསྒྱུར་ཡོད་པས་དངོས་ནས་ཉམས་དགའ་བ་ཞིག་རེད་ཟེར།

ད་ལོའི་ཚུན་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཅོས་སྒྱུར་གཏིང་ཟབ་དང་སྐྱེས་སྟོབས་ཀྱི་དཔལ་ཅི་དགར་བསྐྱེད་པ་ལྷུར་བླངས་ནས་ལྷུག་གཏོང་། བདག་དོམ། ཞབས་ཞུ་བཅས་ཕྱོགས་གསུམ་གྱི་བཅོས་སྒྱུར་བྱ་བ་དེ“ཉིན་བརྒྱའི་འགག་སྒྲོལ”གྱི་ལས་ཏན་ཏིག་སྤེལ་བའི་ལག་ཐབས་གལ་ཆེན་པོར་བརྩིས་ནས་དམ་འཛིན་བྱས། ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔང་ཡིག་གམ་ལག་འཁྱེར་གྱི་འགྲོ་ལུགས་སྒྲུབ་ཚུལ་སྟབས་བདེར་བཏང་ནས་ཞབས་ཞུ་ལ་བཅོས་སྒྱུར་ལེགས་པོ་བྱེད་དགོས་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་བར་དམིགས་ནས་ད་ལོའི་ཟླ་གསུམ་པའི་ནང་དུ། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་དཔང་ཡིག102མེད་པར་བཟོ་བའི་ཆོད་ཡིག》(གཤམ་ནས《ཆོད་ཡིག》ཅེས་འགོད་རྒྱུ) པར་འགྲེམ་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱིས་བསྒྲུབ་དགོས་པའི་དཔང་ཡིག་དོན་ཚན་ཁག102མེད་པར་བཟོ་རྒྱུ་ཐག་བཅད་ཡོད་པ་རེད། དེ་ནི་རང་རེའི་ཞིང་ཆེན་གྱིས2017ལོ་ནས་བཟུང་དཔང་ཡིག་གམ་ལག་འཁྱེར་ཁག177མེད་པར་བཟོས་པའི་ཚུན་ལ། ཞིང་ཆེན་ཡོངས་ནས་གཅིག་བསྡུས་ཐོག་སྤེལ་བའི་དཔང་ཡིག་གམ་ལག་འཁྱེར་ལས་སྒོར་ཆེད་དོན་གཙང་བཤེར་བྱ་བའི་གཞི་ཁྱོན་ཆེ་ཤོས་ཀྱི་བྱ་འགུལ་ཞིག་རེད།

ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་བ་གཏིང་ཟབ་སྤེལ་བའི་གནས་ཚུལ་འོག དགོད་ལ་ངུ་སྐྱེན་པའི“དཔང་ཡིག་ཅི་རིགས”དང་། ཨ་ཐང་ཆད་འགྲོ་བའི་དཔང་ཡིག་ཉིས་བརྩེགས་སུམ་བརྩེགས་ཅན་སོགས་རྙོག་དྲ་ཆེ་ལ་ལུགས་དང་མི་མཐུན་པའི་སྒྲུབ་སྟངས་དེས་མང་ཚོགས་དང་ཁེ་ལས་ལ་མི་དགོས་པའི་སྡུག་མང་པོ་ཞིག་གཏད་ཡོད་པ་རེད། ཤེས་གསལ་ལྟར་ན། ཐེངས་འདིར་དཔང་ཡིག་དོན་ཚན་ཁག102མེད་པར་བཟོས་པའི་ནང་། གཉེན་སྒྲིག་ཁྱིམ་ཚང་དང་། གཉེན་ཉེ་བར་གྱི་འབྲེལ་བ། སྤྱི་ཚོགས་འགན་སྲུང་། རྒྱུ་ནོར་ཡོང་འབབ། སྨན་བཅོས་འཕྲོད་བསྟེན། ཐེམ་ཐོའི་ཐོབ་ཐང་། ངལ་རྩོལ་ལས་ཞུགས། སློབ་གསོའི་ཞབས་ཞུ་སོགས་དུས་ཡུན་རིང་པོར་མང་ཚོགས་གང་དཀའ་མང་དཀའ་ལ་སྦྱར་བའི་འགག་གནད་དང་། དཀའ་གནད་མང་པོ་ཞིག་ཚུད་ཡོད་པ་རེད། 《ཆོད་ཡིག》ནང་དཔང་ཡིག་དོན་ཚན་ཁག་མེད་པར་བཟོས་ཚུལ་བསྒྲགས་རྗེས་སུ་འབྲེལ་ཡོད་སྡེ་ཚན་ནས་ཁེ་ལས་དང་མང་ཚོགས་སྒྲུབ་དགོས་ཀྱི་རེ་བ་འདོན་རུང་བ་དང་། དཔང་ཡིག་དོན་ཚན་ཁག་དེ་དག་མེད་པར་བཟོས་རྗེས་སུ་སྙན་ཞུ་མཁན་ཀྱིས་དཔང་ཡིག་དོན་ཚན་ཁག37ལ་སྤྲོད་མི་དགོས་པ་དང་། དོན་ཚན་ལྷག་མ་རྣམས་སྡེ་ཚན་བར་ཆ་འཕྲིན་དཔྱད་ཞིབ་དང་། ནུས་ལྡན་ལག་འཁྱེར་སྤྲོད་པ། ཡིག་ཐོག་གི་ཁས་ལེན་གསལ་བཤད་ཡོད་ན་ཆོག་པའི་སྒྲུབ་སྟངས་ལ་བསྒྱུར་ཡོད་པས། ས་གནས་ཁག་གི་སྡེ་ཚན་གྱིས་ལམ་སང་སྲིད་དོན་ཞབས་ཞུའི་དྲ་བ་དང་། སྲིད་དོན་ཚོམས་ཆེན་གྱི་ལས་སྒྲུབ་གོ་རིམ་དང་ཞབས་ཞུ་བྱེད་སྟངས་སྙོམས་སྒྲིག་བྱས་ཏེ། ཁེ་ལས་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་སྟབས་བདེར་བཟོ་དགོས་པ་བསྟན། དེ་དང་ཆབས་ཅིག རིམ་ཁག་སྲིད་གཞུང་དང་སྡེ་ཚན་གྱིས་དཔང་ཡིག་དོན་ཚན་མེད་པར་བཟོས་པ་དང་འབྲེལ་ནས་འབྲེལ་ཡོད་ཡིག་ཆ་མགྱོགས་པོར་བཟོ་བཅོས་རྒྱག་དགོས་ཏེ། ཕྱིས་སྲིད་གཞུང་གི་སྲོལ་ཡིག་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོ་སྐབས་དཔང་ཡིག་གི་དོན་ཚན་གསར་བཟོ་བྱ་མི་ཆོག་པ་ཡིན། བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཁོངས་ལུང་ཅི་ཡང་མེད་པའི་དཔང་ཡིག་དོན་ཚན་རྣམས་ཏེ། དཔང་ཡིག་ཁྱད་མཚར་ཅན་དང་དཔང་ཡིག་མང་པོ་ལེན་པ། དཔང་ཡིག་ཉིས་བརྩེགས་ཅན་སོགས་ཀྱི་འབྱུང་གཞི་རྩ་བ་ནས་བཅད་དེ། ཆོག་མཆན་འགོད་སླ་ཞིང་། ལྟ་རྟོག་དང་དོ་དམ་གཟབ་པ། ཞབས་ཞུའི་སྤུས་ལེགས་པ་བཅས་མང་ཚོགས་ཀྱི་བློ་ཡིད་ཚིམ་པོ་ཡོང་བ་ཞིག་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

“ལག་འཁྱེར་ཉུང་གཏོང་དང་དམངས་ལ་སྟབས་བདེ་བཟོ་བའི”ལས་ཤུགས་ཀྱིས་སྤེལ་བ་དང་བསྟུན་ནས་དགོས་ངེས་ཆེར་མེད་པའི་ལག་འཁྱེར་རམ་དཔང་ཡིག་མང་པོ་ཞིག་མེད་པར་བཟོས་ཏེ་མང་ཚོགས་ཀྱིས་དོན་དག་སྒྲུབ་པར་སྟབས་བདེ་བཟོས་ཡོད་པ་དང་། མང་ཚོགས་རྣམས་ཀྱང་བྱ་བ་འདི་ལ་དགའ་འགུས་བསྟོད་བསྔགས་བྱེད་ཀྱི་ཡོད། ཉེ་ལམ་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞིབ་བཤེར་ཚན་ཆུང་སྒྲིག་འཛུགས་བྱས་ནས་ལས་དོན་དེ་གནད་ལ་སྨིན་ཐབས་སུ་ཞིང་ཆེན་སྲིད་གཞུང་སྲིད་དོན་ཞབས་ཞུ་ལྟེ་གནས་དང་། ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ལྟེ་གནས། ཟི་ལིང་གྲོང་ཁྱེར་གྲོང་དབུས་ཁུལ་གྱི་སྲིད་དོན་ཞབས་ཞུ་ལྟེ་གནས། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་གྱི་སྲིད་དོན་ཞབས་ཞུ་ལྟེ་གནས་སོགས་ཀྱི་ལས་སྒྲུབ་སྒེའུ་ཁུང40རུ་ལག་འཁྱེར་ཁག102མེད་པར་བཟོས་རྗེས་སུ་ལག་ཏུ་བསྟར་ཡོད་མེད་སོགས་ལ་རྗེས་འདེད་ཞིབ་བཤེར་བྱས། ཞིབ་བཤེར་བྱས་པ་ལྟར་ན། རིམ་ཁག་སྲིད་གཞུང་དང་སྲིད་གཞུང་སྡེ་ཚན་གྱིས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་བསྐྱངས་ནས་ལག་འཁྱེར་རམ་དཔང་ཡིག་ཉུང་གཏོང་བྱས་ནས་དམངས་ལ་སྟབས་བདེ་བསྐྲུན་པ་དང་། ཞབས་ཞུ་སྤུས་ཚད་ཇེ་ལེགས་སུ་བཏང་ནས《ཆོད་ཡིག》ལག་བསྟར་ནན་ཏན་བྱས་ཡོད་པ་བཅས་ཆོད་ཡིག་ནང་མེད་པར་བཟོ་དགོས་པ་གསལ་འབེབས་བྱས་པའི་དཔང་ཡིག་གམ་ལག་འཁྱེར་གྱི་དག་གཞི་ནས་སྒྲུབ་མཚམས་བཅད་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།