ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་དུང་ཕྱུར2བཏང་ནས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། མདོ་ལ་རི་བོའི་མཐོ་སྒང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏང་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར2བཏང་ནས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ལ་སྐུལ་འདེད་བཏང་སྟེ། གཙོ་བོར་བྱེ་འགྱུར་རྩྭ་ས་བཅོས་སྐྱོང་དང་ཉམས་ཞན་རྩྭ་ས་གསབ་འདེབས། གནོད་ལྡན་སྐྱེ་དངོས་འགོག་བཅོས། མིས་བཟོས་གཟན་རྩྭ་རྟེན་གཞི་འཛུགས་སྐྲུན་དང་ས་ཆུ་སོར་ཆུད་སོགས་ཀྱི་ལས་གཞིའི་ཐད་ལ་སྤྱོད་རྒྱུ་ཡིན་པ་རེད།

རྒྱུས་ལོན་པ་ལྟར་ན། 2013ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྔོན་གཏོང་དང་འགྲོ་གྲོན་སྔ་འདོན་སོགས་ཀྱི་རྣམ་པ་བརྒྱུད། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར8.8བཏང་སྟེ། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ཆུ་འགོའི་ནགས་རྩྭའི་ཁེབས་ཚད་ནུས་ལྡན་སྒོས་ཇེ་མང་དུ་གཏང་ཆེད། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་བཅོས་བྱས་ཏེ། རྩྭ་ས་དང་ནགས་ཚལ། ཞིང་ས། བརླན་སའི་སྐྱེ་ཁམས་མ་ལག་གི་སྐྱེ་ཁམས་དོ་མཉམ་བྱུང་བར་འདེགས་སྐྱོར་དང་འགན་ལེན་གྱི་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།