མཚོ་སྔོན་སློབ་ཆེན་དང་རྨ་ལྷོ་རྫོང་དབར་ཚན་རྩལ་ཤེས་ལྡན་མི་སྣའི་མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས་བཞག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ5པའི་ཚེས13ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དང་མཚོ་སྔོན་སློབ་ཆེན་གྱིས་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བརྗེ་རེས་སྒྲོམ་གཞིའི་གྲོས་ཆིངས་ལ་མིང་རྟགས་བཀོད་པ་རེད།

རྨ་ལྷོ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་མཚོ་སྔོན་གྱི“ལྷོ་སྒོ་ཆེན་པོ”ཞེས་འབོད་སྲོལ་ཡོད། ཉེ་བའི་ལོ་འགའི་རིང་དུ། “འགྱིག་འཕྲི་རྨ་ལྷོ”སྣོད་བཅུད་ཁུལ་འཛུགས་སྐྲུན་དང་། སྣོད་བཅུད་དཔལ་ཡོན་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། “སྐྱེ་ལྡན་འབྲོག་ར་ཆེ་མོ”འཛུགས་སྐྲུན་བཅས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ། མི་ཤུགས་ཐོན་ཁུངས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་། ལྷག་པར་དུ་སྐྱེ་ལྡན་འབྲོག་ལས་དང་། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚན་སློབ་རིག་གནས་འཕྲོད་བསྟེན་སོགས་ལས་རིགས་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་ལས་རིགས་ཀྱི་ཤེས་ལྡན་མི་སྣ་དཀོན་པ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྟོབས་ཤུགས་ཞན་པ། ཤེས་ལྡན་མི་སྣ་མཐོ་འབྲིང་གི་གསོག་འཇོག་ལས་སྟེགས་ཡག་པོ་མེད་པ་བཅས་རེད། སློབ་གྲྭ་དང་ས་གནས་མཉམ་ལས་བྱེད་པའི་དམིགས་ཡུལ་ནི། མཚོ་སྔོན་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་མཐོ་བ་དང་ལག་རྩལ་མཐོ་བའི་ཚན་རྩལ་ཤེས་ལྡན་མི་སྣ་དང་ཆེད་མཁས་པའི་ཚོགས་པ་རྨ་ལྷོ་སོག་རྫོང་དུ་གནས་སྦྱར་ཞབས་ཞུ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཤེས་ལྡན་མི་སྣས་ཕན་སློབ་སྦྱོང་བཅས་ཀྱི་བྱ་བ་སྤེལ་རྒྱུ་དེ་ཡིན་པ་དང་། རྫོང་དེས་ཤེས་ལྡན་མི་སྣ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་དང་ཤེས་ལྡན་མི་སྣ་གསོག་འཇོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་མོར་ཇེ་ལེགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུའི་ཐད་དོན་སྙིང་གལ་ཆེན་གཏིང་ཟབ་ལྡན་པ་རེད།

ཐེངས་འདིའི་མཉམ་ལས་ནི་སྐུལ་འདེད། ཐོན་སྐྱེད། སློབ་སྦྱོང་། ཞིབ་འཇུག བཀོད་སྤྱོད་དང་། ཕྱོགས་གཉིས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས། མཉམ་རྒྱལ་གཉིས་ཕན་མངོན་འགྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། སློབ་གྲྭ་དང་ས་གནས་ཀྱི་འཐབ་ཇུས་མཉམ་ལས་ལས་གཞི་འཛུགས་སྐྲུན་གྱི་ལེའུ་གསར་པ་ཞིག་ཀྱང་བརྩམས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།