རང་ཞིང་གིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པར་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར། ཟླ5པའི་ཚེས16ཉིན་ནས་ཚེས20ཉིན་བར། སྐབས་བཅོ་ལྔ་པའི་ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་ཉོ་ཚོང་ཚོགས་འདུ་ཧྲེན་ཀྲེན་འགྲེམས་ཚོགས་ལྟེ་གནས་སུ་འཚོག་རྒྱུ་ཡིན་པ་རེད། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ཚོང་དོན་ཐིང་། ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ཅུས། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ལས་གྲུབ་པའི་མཚོ་སྔོན་འཐུས་མི་ཚོགས་པས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁེ་ལས33གྱི་འགྲེམ་སྟོན་དངོས་ཆས་ཁྲི1ལྷག་ཙམ་གྱི་སྣེ་ཁྲིད་དེ་འགྲེམ་སྟོན་ནང་ཞུགས་རྒྱུ་ཡིན་ཞིང་། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་སྒྱུར་བཅོས་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པ་དང་། ཕྱི་ཕྱོགས་རིག་གནས་བརྗེ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་པ། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་པ། མཚོ་སྔོན་གྱི་སྐད་སྒྲ་བརྒྱུད་སྒྲོག་ཡག་པོ་བཅས་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་འགྲེམས་ཁུལ་དུ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁུལ་དང་། རིག་གནས་ཡུལ་སྐོར་དྲན་རྟེན་དངོས་རྫས་འགྲེམས་ཁུལ། ཁྱད་ལྡན་རིག་གནས་ཐོན་རྫས་འགྲེམས་ཁུལ། རིག་གནས་གསར་གཏོད་ཐོན་རྫས་འགྲེམས་ཁུལ། གྲོང་ཁྱེར(ཁུལ)གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་ཁུལ་བཅས་ཁག་ལྔ་རུ་དབྱེ་ཡོད་ཅིང་། དེའི་ནང་ཐང་ག བོད་ཡིག་བྲིས་གཟུགས། ལག་མཐིལ་རི་མོ། བོད་ལུགས་ས་གདན། དངུལ་ཟངས་ཡོ་བྱད། རྨ་ཆུའི་རྡོ་རྩལ་རི་མོ། སྐར་རྡོའི་བཟོ་རྩལ་ཐོན་རྫས། ཁུ་ནུ་གཡང་ཊི། བོད་ཀྱི་རྒྱན་གོས། མཚོ་སྔོན་སྤུས་ལེགས་དཔེ་དེབ། རིག་གནས་གསར་གཏོད་ཐོན་རྫས་སོགས་སྣ་ཁ200ལྷག་ཙམ་ཚུད་ཡོད་པ་རེད། འགྲེམས་ཚོགས་རིང་མཚོ་སྔོན་གྱི་འཐུས་མི་ཚོགས་པས་ད་དུང་མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམ་སྟོན་དང་། མཚོ་སྔོན་དང་ཧྲེན་ཀྲེན་ས་ཁུལ་གཉིས་ཀྱི་མཉམ་ལས་གན་འཇོག་མཛད་སྒོ། མི་རིགས་གླུ་གར་འཁྲབ་སྟོན། ཆེད་དོན་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུ། ཆེད་དོན་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་དེ་བཞིན་ཐོན་ལས་ལས་གཞི་མཉམ་ལས་གན་འཇོག་བྱེད་སྒོ།“མཛེས་སྡུག་མཚོ་སྔོན་བརྩེ་སེམས།·རྒྱལ་ཁབ་སྤྱི་གླིང་ཞིང་ཆེན”གྱི་པར་རིས་འགྲེམ་སྟོན། མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་འབྲས་འགྲེམ་སྟོན་དང་དེ་བཞིན་མཚོ་སྔོན་གྱི་འཚེམ་དྲུབ་ཐོན་ལས་ཅན་གྱི་བགྲོ་གླེང་ཚོགས་འདུ་སོགས་བྱེད་སྒོ7སྤེལ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། རང་ཞིང་གིས་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་སྐབས13བསྟུད་མར་སྒྲིག་འཛུགས་བྱས་ནས་སྔ་རྗེས་སུ་རིག་གནས་ཡུལ་སྐོར་ཁེ་ལས400ལྷག་ཙམ་འགྲེམ་སྟོན་ནང་ཞུགས་པ་རེད། 2010ལོ་ནས་བཟུང་། རང་ཞིང་འགྲེམ་སྟོན་རིག་གནས་ཡུལ་སྐོར་ཁེ་ལས293ནང་ཞུགས་པ་དང་། ཕྱིར་ཚོང་བྱེད་ཚད་རིམ་རྩིས་བྱས་ན་སྒོར་ཁྲི1879ལ་སླེབས་ཤིང་། དངོས་ཟོག་མངགས་ཉོའི་དངུལ་འབོར་སྒོར་ཁྲི6147ལ་སླེབས་པ་དང་། ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར1.13ལ་སླེབས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།