མཚོ་སྔོན་གྱི་འཐུས་ཚབ་ཚོགས་པ་སྐབས་བཞི་པའི“དར་གོས་འགྲེམ་ཚོགས”ལ་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས11ནས་ཚེས15ཉིན་བར། “དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་བྱས་པའི་དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཞི་པ་དང་ཀྲུང་གོའི་ཤར་ནུབ་མཉམ་ལས་དང་མ་དངུལ་གཏོང་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཤིས་ཨན་ཆུས་ཅང་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་སུ་འཚོགས་པ་རེད། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པར་སྣེ་ཁྲིད་དེ་འགྲེམ་སྟོན་ཚོགས་འདུར་ཞུགས།

འགྲེམ་ཚོགས་སྐབས། ཝུའུ་ཧའེ་ཁུན་མཚོ་སྔོན་འགྲེམ་ཁང་དུ་སོང་ནས་འགྲེམ་ཚོགས་ནང་ཞུགས་མཁན་ཁེ་ལས་དང་མཉམ་དུ་རང་ཞིང་གི་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་སོགས་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ། འཕེལ་རྒྱས་ཀྱི་ལེགས་ཆ་བཅས་ཀྱི་སྐོར་ལ་ཕན་ཚུན་མཉམ་མྱོང་སྤེལ་རེས་དང་དཔྱད་བསྡུར་བྱས། ཚྭ་འདམ་གཞོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། མཚོ་ནུབ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་ཚོགས་ཞུགས་ཁེ་ལས་བཅས་ཀྱིས་ཞིང་ཆེན་ཕྱིའི་ཚོགས་ཞུགས་སྡེ་ཚན་དང་ལིས་གློག་ཐོན་ལས་འཕེལ་རྒྱས་དང་།རྒྱུ་ཆ་གསར་པ། ཉི་ནུས། ནུས་གསོག་སོགས་འཚེ་མེད་ནུས་ཁུངས་ཐད་ཀྱི་ཐོན་རྫས་དང་ལག་རྩལ་གསར་ཤོས་ལ་ཕན་ཚུན་སྤེལ་རེས་དང་འོས་སྦྱོར་བྱས་པ་རེད།

སྐབས་འདིའི་དར་གོས་ལམ་བུའི་དངོས་མང་སྟོན་ཚོགས་ལ་མཉམ་ལས་སྤེལ་རེས་ཁང1དང་། ཐོན་ལས་ཁང4བཙུགས་ཡོད། སྨི་གྲུ་བཞི་མ144ཡི་མཚོ་སྔོན་དམིགས་བསལ་སྒྲིག་སྦྱོར་འགྲེམ་ཁང་དུ་མཚོ་སྔོན་གྱི་འཐུས་མི་ཚོགས་པས། ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་ཁྱབ་གདལ་བེད་སྤྱོད་བྱ་རྒྱུར་བརྗོད་དོན་གཙོ་བོར་བྱས་ཏེ། ནུས་རྒྱུ་གསར་པའི་འགྲེམ་ཁུལ་དང་། རྒྱུ་ཆ་གསར་པ་འགྲེམ་ཁུལ། ལིས་ཐོན་ལས་སྦྲེལ་ཐག་འགྲེམ་སྟོན་ཁུལ། ཐོན་ཁུངས་ཀྱི་ལེགས་ཆ། མ་དངུལ་གཏོང་འཇོག་གི་གཙོ་གནད། ཚོང་གཉེར་ཁོར་ཡུག ཁྱད་ལྡན་ཐོན་ལས་བཅས་དང་དེ་བཞིན་འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་གསར་པ་བཅས་ལ་བརྟེན་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་དྲིལ་སྒྲོག་ཤུགས་ཆེན་བྱས་ནས་གཙོ་གནད་ཐོན་ལས་འོས་སྦྱོར་བྱས་པ་རེད། མཚོ་སྔོན་ཀྲུང་ལི་འོད་སྐུད་ལག་རྩལ་ཚད་ཡོད་ཀུང་སི་དང་།མཚོ་སྔོན་དུས་རབས་ནུས་རྒྱུ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་སྤང་ལྗོངས་ནུས་རྒྱུ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་དར་གོས་ལམ་བུའི་དངོས་མང་སྟོན་ཚོགས་ནང་ཞུགས་ཏེ། ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། ཚན་རྩལ་མཐོ་བ། འཚེ་མེད་ཁོར་ཡུག་སྲུང་སྐྱོང་སོགས་ཐོན་ལས་ཀྱི་ཐོན་རྫས་སྣ་ཁ་བརྒྱ་ལྷག་གཅིག་སྡུད་ཐོག་འགྲེམ་སྟོན་བྱས་པ་རེད། གཏེར་ལེན་ཁ་བཟོ་ལས་གླིང་དང་ཡན་ལེའང་རྒྱལ་ཁབ་མཁའ་འགྲུལ་ལག་རྩལ་མཐོ་བའི་ཐོན་ལས་རྟེན་གཞི་དོ་དམ་ཨུ་ལྷན་ཁང་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་ཆིངས་བཞག་པ་རེད།།

ལོ་ཙཱ་བ། གཡང་སྐྱིད།