ཏུའུ་ཏེ་ཀྲི་སོགས་འཁོར་དང་བཅས་པས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ5པའི་ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཏུའུ་ཏེ་ཀྲི་་འཁོར་དང་བཅས་པ་མཚོ་ནུབ་ཁུལ་ཏུ་རྟོག་ཞིབ་གནང་བར་ཕེབས་ཤིང་།མཚོ་ནུབ་ཁུལ་གྱིས“རྫོང་རིམ་པའི་སྲིད་གྲོས་ལས་དོན་དང་དམངས་གཙོའི་ཏང་ཤོག་གི་སྲིད་ཞུགས་སྲིད་གླེང་གི་ནུས་པ་འདོན་སྤེལ་བྱས་ཚུལསྐོར”་ནས་བཞུགས་མོལ་གྲོས་ཚོགས་བསྡུས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་ཁོ་རྒྱལ་དང་ཀྲུའུ་ཞི་གཞོན་པ།དམངས་གཙོའི་མནའ་མཐུན་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀྲི་པུའུ་ཡི་ཀྲུའུ་རེན་ཨུ་ཡོན་ལེ་ཧའེ་ལན།ཀྲུའུ་ཞི་གཞོན་པ།དགུ་གསུམ་སློབ་ཚོགས་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲང་ཡ་པང་།གཏེར་ལེན་ཁ་གྲོང་ཁྱེར་གྱི་སྲིད་གྲོས།ཁུལ་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་འགན་འཁུར་བ།དམངས་གཙོའི་ཏང་ཤོག་ཁག་གི་གཏེར་ལེན་ཁ་གྲོང་ཁྱེར་གྱི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་ཁུལ་སྲིད་གྲོས་དང་གཏེར་ལེན་ཁ་གྲོང་ཁྱེར་སྲིད་གྲོས། དེ་བཞིན་དམངས་གཙོའི་ཏང་ཤོག་ཁག་གཏེར་ལེན་ཁ་གྲོང་ཁྱེར་གྱི་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཁུལ་གྱི་སྲིད་ཞུགས་སྲིད་གླེང་ལས་དོན་གྱི་ཉམས་མྱོང་དང་བྱེད་སྟངས་སྙན་སེང་ཞུས་པ་དང་འབྲེལ་སྲིད་ཞུགས་སྲིད་གླེང་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་གྲོས་འགོ་བཏོན་པ་རེད། 

རྟོག་ཞིབ་ཚོགས་ཆུང་དང་བཅས་པས་ཁུལ་སྲིད་གྲོས་ལས་དོན་དང་དམངས་གཙོའི་ཏང་ཤོག་ཁག་གི་སྲིད་ཞུགས་སྲིད་གླེང་གི་ལས་ཀའི་གནས་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད་བསྟན་དོན། ད་དུང་མཚོ་ནུབ་ཁུལ་གྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་དམངས་གཙོའི་ཏང་ཤོག་གི་སྲིད་ཞུགས་སྲིད་གླེང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཏང་ཕྱིའི་མི་སྣའི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་དང་།མཚོ་ནུབ་ཁུལ་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་འོག དམངས་གཙོའི་ཏང་ཤོག་ཁག་གིས་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་སྲིད་ཞུགས་སྲིད་མོལ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། སྲིད་ཞུགས་སྲིད་གླེང་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་།ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སྲིད་ཞུགས་སྲིད་གླེང་གི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ།སྲིད་ཞུགས་སྲིད་མོལ་གྱི་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་དང་། ཁུལ་སྲིད་གྲོས་དང་། ཆབ་སྲིད་གྲོས་མོལ། སྲིད་ཞུགས་སྲིད་མོལ།དམངས་གཙོའི་ལྟ་སྐུལ་བཅས་ཀྱི་ཐད་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཟེར།

ཚོགས་འདུའི་ཐོག་བསྟན་དོན།དམངས་གཙོའི་ཏང་ཤོག་ཁག་གིས་མཉམ་འབྲེལ་བརྟག་ཞིབ་དང་།མཐུན་སྦྱོར་འགན་ལེན།གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། སྲིད་ཞུགས་སྲིད་གླེང་གི་ལས་དོན་གསར་གཏོད་ཁྲོད་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་དང་། ཐོན་ཁུངས་སྡེབ་སྒྲིག་དང་།བྱེད་སྟངས་གསར་གཏོད།སྤྱོད་ཚུལ་སྒྱུར་བ་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས་ལ། སྲིད་ཞུགས་སྲིད་གླེང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དམངས་གཙོའི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་ཞུགས་སྲིད་གླེང་གི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས་ཞེས་བསྟན།

ཚོགས་འདུའི་རྗེས་ནས། རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པ་གཏེར་ལེན་ཁ་གྲོང་ཁྱེར་དང་དབུས་ལམ་རྫོང་ལ་རྟོག་ཞིབ་དུ་བསྐྱོད།

ལོ་ཙཱ་བ། ཀླུ་མོ།