རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གཟའ་འཁོར་གཉིས་རེའི་བཞུགས་མོལ་ཚོགས་འདུ་ཐེངས་ཉི་ཤུ་རྩ་གཉིས་པ་སྤྱི་ཚེས་༡༣ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་གྲོས་ཚོགས་གཙོ་སྐྱོང་གནང་མ་ཟད་གསུང་བཤད་གནང་ཡོད་པ་རེད། ཁོང་གིས། རྩོམ་དབང་བཅའ་ཁྲིམས་ནི་ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་ཀ་རྟེན་རང་བཞིན་གྱི་ཁྲིམས་ལུགས་ཡིན་པས། དེས་བསམ་པའི་རིག་གནས་ཐོན་རྫས་ཀྱི་གསར་གཏོད་དང་། བརྒྱུད་སྤེལ། མི་རིགས་ཡོངས་ཀྱི་ཚན་རིག་རིག་གནས་བྱང་ཚད་གོང་མཐོར་གཏོང་རྒྱུ། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། རྩོམ་དབང་བཅའ་ཁྲིམས་བཟོ་བཅོས་ཞེས་པ་དེ་ཐེངས་འདིའི་གཟའ་འཁོར་གཉིས་རེའི་བཞུགས་མོལ་ཚོགས་འདུའི་གྲོས་གཞིར་བཞག་པ་ནི་མི་དམངས་སྲིད་གྲོས་ཁྲིམས་འཛུགས་གྲོས་མོལ་ནང་བཞུགས་པ་དང་ཁྲིམས་འཛུགས་སྤུས་ཚད་གོང་མཐོར་གཏོང་རྒྱུར་རོགས་རམ་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ལ། ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་དང་། ཁྲིམས་འཛིན་བསམ་བློའི་རྨང་གཞི་དང་སྤྱི་ཚོགས་ཁོར་ཡུག་གི་རྨང་གཞི་འདིང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན་པས། དེའི་ཐོག་ནས་གྲོས་འདོན་སྲིད་ཞུགས་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱ་རྒྱུ་གཉིས་གཅིག་གྱུར་ནུས་ལྡན་ཐུབ་པ་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་ལྟ་བ་རྒྱུན་འཁྱོངས་བྱེད་པ། རྩོམ་དབང་གསར་གཏོད་དང་། སྲུང་སྐྱོབ། བེད་སྤྱོད་བཅས་བྱེད་པའི་འབྲེལ་བ་འོས་འཚམ་ངང་ཐག་གཅོད་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྩོམ་དབང་ལམ་ལུགས་གཏོད་དགོས་ཞེས་ནན་བཤད་གནང་ཡོད།