སྐུ་ཞབས་ཧའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་གནང་བའི་གནའ་དཔེ་དང་མི་རིགས་ཡིག་ཚགས་ཞིབ་འཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་པེ་ཅིང་དུ་འཚོགས་པ།


མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ5ཚེས11ཉིན། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་གནའ་རབས་རིག་གནས་སློབ་གླིང་དང་། ཀྲུང་གོའི་ནང་སོག་ལོ་རྒྱུས་རིག་ཚོགས། ལེའོ་ཉིང་ཞིང་ཆེན་ཧྥུ་ཤིང་གྲོང་ཁྱེར་སྲིད་གྲོས་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་སྐུ་ཞབས་ཧའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་གནང་བའི་གནའ་དཔེ་དང་མི་རིགས་ཡིག་ཚགས་ཞིབ་འཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ཀྲུང་གོའི་མི་དམངས་སློབ་ཆེན་དུ་འཚོགས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་ནས་ཕེབས་པའི་ཆེད་མཁས་པ་དང་ཞིབ་འཇུག་པ་སོགས་ཁྱོན་མི་ལྔ་བཅུ་ལྷག་ཚོགས་འདུར་ཞུགས་ཡོད། བགྲོ་གླེང་གི་གོ་རིམ་ལ་མ་ཞུགས་གོང་ཚོགས་འདུ་གཙོ་སྐྱོང་བས་བགྲོ་གླེང་ཚོགས་འདུ་སྐབས་འདིའི་བརྗོད་བྱ་དང་དོན་སྙིང་། དེ་བཞིན་ཚོགས་ཞུགས་མི་སྣ་རེ་རེ་བཞིན་ངོ་སྤྲོད་བྱས་ཤིང་། དེ་ནས་བརྗོད་བྱ་མི་འདྲ་བའི་ཚོ་ཆུང་བཞི་རུ་བགོས་ནས་བགྲོ་གླེང་གི་གོ་རིམ་ལ་དངོས་སུ་ཞུགས་ཡོད། འབྲེལ་ཡོད་ཆེད་མཁས་པ་དང་ཞིབ་འཇུག་པས་ཐོག་མར་རང་ཉིད་ཀྱི་དཔྱད་རྩོམ་སྒྲོག་སྦྱངས་གནང་ཞིང་། དེ་ནས་དཔྱད་མོལ་བས་གང་དེའི་གླེང་བྱ་དང་འབྲེལ་བའི་དཔྱད་མོལ་གནང་བ་དང་། ཚོགས་ཞུགས་མི་སྣར་རང་མོས་ངང་དྲི་བ་བཏོན་བཅུག་ནས་རིག་གཞུང་གི་བགྲོ་གླེང་གྱ་ནོམ་པ་བྱས།

སྐུ་ཞབས་ཧའེ་ཁྲོན་ཧྲིན་ལགས་ནི་ལེའོ་ཉིང་ཞིང་ཆེན་ཧྥུ་ཤིང་སོག་རིགས་རང་སྐྱོང་རྫོང་དུ་འཁྲུངས་ཤིང་། ཁོང་ནི་གྲགས་ཆེ་བའི་མི་རིགས་ཆོས་ལུགས་རིག་དངོས་དང་ཡིག་ཚགས་ཉར་ཚགས་བྱེད་མཁན་དང་། རིག་དངོས་གཟིགས་དཔྱད་མཁས་པ། མི་རིགས་རིག་གནས་མཁས་པ་བཅས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐུ་ཞབས་ཧའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་བྱས་པའི་མི་རིགས་ཡིག་ཚགས་ཁྱོན8000ལྷག་ཡོད་ཅིང་། དེའི་ཁྲོད་དུ་བོད་ཡིག5800ལྷག་དང་སོག་ཡིག2000 དེ་མིན་ཆི་ཏན་གྱི་ཡི་གེ་དང་། མན་ཇུའི་ཡི་གེ ལེགས་སྦྱར་གྱི་ཡི་གེ་སོགས་ཡོད། ཁོང་གིས་སྔ་ཕྱིར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། མི་རིགས་ཕོ་བྲང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། ནང་སོག་མི་རིགས་སློབ་ཆེན་གྱི་སོག་སྨན་སློབ་གླིང་། བོད་ལྗོངས་སློབ་ཆེན། ཧྥུ་ཤིང་སོག་རིགས་རང་སྐྱོང་རྫོང་གི་རྟེན་རྫས་བཤམས་མཛོད་ཁང་སོགས་ལ་མི་རིགས་ཆོས་ལུགས་ཕྱོགས་ཀྱི་རིག་དངོས་དང་ཡིག་ཚགས2300ལྷག་ཞལ་འདེབས་ཕུལ་ཡོད་ཅིང་། ཁོང་གིས་མི་རིགས་མཐུན་སྒྲིལ་དང་ཕན་ཚུན་བགྲོ་གླེང་བྱེད་པར་སྐུལ་འདེད་གཏོང་བའི་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས། ཁོང་ལ་མི་རིགས་རིག་གནས་ལ་དད་གུས་ཆེ་བའི་སྲུང་སྐྱོང་བ་ཞེས་པའི་མཚན་སྙན་གསོལ་ཡོད།

དཔྱད་རྩོམ་སྒྲོག་སྦྱངས་བ་འཇིགས་མེད་བསམ་འགྲུབ།

དཔྱད་རྩོམ་སྒྲོག་སྦྱངས་བ་ཀུན་དགའ་དབང་ཕྱུག

དཔྱད་རྩོམ་སྒྲོག་སྦྱངས་བ་འཇམས་དབྱངས་མཁས་གྲུབ།