“ལྭ་དཀར་ཕོ་ཉས”རྒྱལ་སྤྱིའི་ནད་གཡོག་དུས་ཆེན་བསུས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཁོ་ཚོ་ནི་ཚོགས་སྤྱི་ཤིག་སྟེ། མགོ་ལ་ཞྭ་མོ་ལེབ་མོ་དང་ལུས་ལ་ཁ་དོག་དཀར་པོ་ཅན་གྱི་སྨན་པའི་ལྭ་བ་གྱོན་ཏེ། སྨན་ཁང་སོ་སོའི་གྲུ་ཟུར་མ་ལུས་པ་དག་ན་ཞབས་ཞུ་སྒྲུབ་བཞིན་ཡོད། ཁོ་ཚོའི་བྱ་བ་ཆེས་སྤྱིར་བཏང་པ་ཞིག་དང་དཀའ་ཚེགས་ཆེ་མོད། འོན་ཀྱང་བླ་ན་མེད་པའི་བྱ་གཞག་མ་ལུས་ལ་གདོང་གི་འཛུམ་མདངས་སྣོན་བཞིན་ནད་པ་དག་ལ་བདེ་ཐང་གི་འཚོ་གཞིས་ཤིག་བསྐྲུན། ཁོ་ཚོ་ནི“ལྭ་དཀར་ཕོ་ཉ”རུ་འབོད་པའི་ནད་གཡོག་བྱ་བ་སྒྲུབ་མཁན་དག་རེད། སྐབས108པའི་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་སྨན་བཅོས་ལས་ཁུངས་དག་གིས་ནང་དོན་ཕུན་སུམ་ཚོགས་པའི་བརྗོད་དོན་ཅན་གྱི་རྟེན་འབྲེལ་བྱ་འགུལ་སྤེལ་ཏེ། ཤི་རྨས་སྲོག་སྐྱོབ་བྱ་བའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་རྒྱུད་འཛིན་བྱས།

སྐབས43པའི་ནན་ཏེན་གིའར་བྱ་དགའ་ཐོབ་མཁན་ནམ་མཚོ་སྔོན་གྱི་ཤེས་ཡོན་པ་དགེ་རྒན་ཆེན་མོ་ཀྲའོ་ཧྲིན་ཞིའུ་ཡི་སྣེ་ཁྲིད་འོག་ཞིང་ཆེན་མི་དམངས་སྨན་ཁང་གིས་རིག་ཚན་མང་ཞིང་གཞི་རྒྱ་ཆེ་བའི་ནད་གཡོག་གི་ཚན་རིག་ཡོངས་ཁྱབ་བྱ་འགུལ་སྤེལ། ནད་གཡོག་པ་དང་ནད་པ་སོགས་ཀྱིས་གྲུབ་པའི་མི་གྲངས་བརྒྱ་ཕྲག་ལྷག་གི་རུ་དཔུང་ཞིག་གིས་ཁམས་གསོའི་ཕྱག་རྒྱ་བརྒྱད་ཀྱི་འཁྲབ་སྟོན་དང་སློབ་ཁྲིད་བྱས། ཡུལ་དངོས་འཁྲབ་སྟོན་རིགས་མི་འདྲ་བ120ལྷག་གིས་མཉམ་འཇོག་དོན་ཚན་དང་ཆེས་ཐོག་མའི་དུས་ཡུན་ནང་དུ་རང་སྐྱོབ་བྱེད་པའི་སྐོར་གྱི་གནད་གཙོ་བོ་ནས་རོགས་སྒྲུབ་འགྲེམ་སྟོན་གནང་། ཚན་རིག་ཡོངས་ཁྱབ་ལག་དེབ། རྩ་གཉིས་བཤེར་གྲངས་སོགས་བྱེད་ཐབས་མི་འདྲ་བ་གང་མང་ལ་བརྟེན་ནས་ནད་པ་དག་ལ་ཚན་ཁག་མི་འདྲ་བ་སོ་སོའི་ཐད་ཀྱི་ནད་རྟགས་འདྲི་རྟོག་བྱ་འགུལ་རིན་མེད་སྒོས་སྤེལ།

མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གིས་མེ་ཏོག་འདེབས་འཛུགས་ཀྱིས་ནད་གཡོག་བྱ་བའི་སེམས་ཁམས་གསོ་བ་བརྗོད་དོན་ཡིན་པའི་མེ་ཏོག་བུམ་འཛུགས་འགྲན་སྡུར་སྤེལ་ཏེ། ནད་གཡོག་པ་དག་གི་བྱ་བའི་ཁུར་གདོས་ཇེ་ཡངས་སུ་བཏང་བ་མ་ཟད། སྨན་ཁང་གི་ནད་གཡོག་བྱ་བའི་མཛེས་དཔྱོད་དང་སྤྲོ་སྣང་ཡང་མཐོར་འདེགས་སུ་བཏང་། འགྲན་སྡུར་གྱི་ཡུལ་དངོས་སུ་དྭངས་གཙང་གི་ཞྭ་མོ་ལེབ་མོ་དང་ནད་གཡོག་པའི་ལྭ་བ་དཀར་པོ་གྱོན་པའི་ནད་གཡོག་མ་དག་གིས་མཉེན་ལྕུག་གི་ལག་ཟུང་གཡོ་བའི་སྟངས་སྟབས་ལས་ཕན་ཚུན་བར་གྱི་མེ་ཏོག་བརྗེ་རེས་བྱས་ཏེ། ཚོགས་ར་ཧྲིལ་པོ་དྲོད་ཁོལ་དང་འཆར་ཡན་གྱིས་ཁེངས་པར་བྱས། ཞིང་ཆེན་མི་དམངས་སྨན་ཁང་ལྔ་པའི་དྲོད་ཁོལ་འབར་ལ་ཡིད་འཁུལ་བའི་བརྙན་ཐུང་ཞིག་བརྒྱུད་དེ་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་སྒོ་ཡོལ་ཕྱེས།

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས“མི་རེ་རེ་ལ་བདེ་ཐང་བསྐྲུན”ཞེས་པ་བརྗོད་དོན་ཡིན་པའི“512”རྒྱལ་སྤྱིའི་ནད་གཡོག་དུས་ཆེན་གྱི་གཟེངས་བསྟོད་ཚོགས་འདུ་བསྡུས། “ཕུལ་བྱུང་ནད་གཡོག་བཅུ་དང་ལོ་ངོ་སུམ་ཅུའི་རིང་གི་ནད་གཡོག་བྱ་བ་སྒྲུབ་མཁན”དང“ནད་གཡོག་བྱས་རྗེས་བྱ་དགའ།” “ནད་གཡོག་ཕྱོགས་བསྡུས་ལས་སྣོན་རྩལ་ནུས་འགྲན་སྡུར།” “ནད་གཡོག་ཕུལ་བྱུང་ཞབས་ཞུ”སོགས་ཀྱི་གཟེངས་བསྟོད་བྱ་དགའི་གཟེངས་རྟགས་གནང་བ་རེད།

ཞིང་ཆེན་བོད་སྨན་ཁང་གིས་ཞིང་ཆེན་ཡོངས་ཀྱི་བོད་ལུགས་སྨན་ཁང་གི་ནད་གཡོག་མི་སྣས“ལས་རིགས་ལ་དགའ་བ་དེ་མི་རང་ཉིད་ནས་འགོ་རྩོམ་དགོས”ཞེས་པའི་གཏམ་བཤད་འགྲན་སྡུར་སྤེལ། གྲངས་ཉུང་མི་རིགས་ཀྱི་གཏམ་བཤད་རུ་ཁག་དང་རྒྱ་སྐད་གཏམ་བཤད་རུ་ཁག་བཅས་ཀྱི་འགྲན་ཞུགས་མི་སྣ24ཡིས་སྤྱི་སྐད་དང་མི་རིགས་ཀྱི་སྐད་ཆ་ལ་བརྟེན་ནས་ངོ་མཚར་ཅན་གྱིpptའདྲ་རིས་སོགས་ལ་བརྟེན་ནས་ཉེ་འཁོར་གྱི་མི་རྣམས་ཡིད་འཁུལ་བར་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།