དབང་པོ་སྐྱོན་ཅན106གིས་ལོང་བའི་གློག་བརྙན་ཐོག་མ་ལ་བལྟས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ཆར་རྒྱལ་ནང་ནས་ལྟད་མོ་བ་ལོང་བ་དག་ལ་ཆེད་དུ་ཁ་གཏད་ནས་ཚོར་ཤེས་ཅན་གྱི་ལོང་བའི་གློག་བརྙན་ཐོག་མ《རྣམ་ཤེས་འཁྱམ་པོའི་གར་འཁྲབ་མཁན》ཞེས་པ་དེ་ཟི་ལིང་གྲོང་ཁྱེར་དུ་སྤྱི་ཕན་སྐོར་སྟོན་བྱས། ཟི་ལིང་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན106དང་དེའི་ཁྲོད་ལོང་བ50ཡོད། ཁོ་ཚོ་སོང་སྟེ་འདི་ལྟ་བུའི་དམིགས་གསལ་རང་བཞིན་གྱི་ཚན་རྩལ་གློག་བརྙན་ལ་གཟིགས་པ་རེད།

ཉིན་དེའི་ཕྱི་དྲོ་གློག་བརྙན་གློག་བརྙན་ནང་དུ་དམིགས་གསལ་ཅན་གྱི་ལྟད་མོ་བ་སྐོར་ཞིག་སྔ་མོ་ནས་དང་བླངས་མཁན་གྱི་སྣེ་ཁྲིད་འོག་རང་རང་གི་འདུག་སྟེགས་སུ་བསྡད་དེ་ཚོར་ཤེས་ངོས་འཛིན་གྱི་གློག་བརྙན་སྟོན་འགོ་ཚུགས་པར་རེ་ལྟོས་བྱས། གློག་བརྙན་ཧྲིལ་པོར་བརྙན་རིས་ཅི་ཡང་མེད་པར་སྐད་གདངས་ཀྱི་ཕན་འབྲས་ལ་བརྟེན་ནས་ལྟད་མོ་བ་དག་ཚན་རྩལ་གྱི་འཇིག་རྟེན་དུ་བསྐྱལ་བ་རེད། རྣ་དབང་ཁོ་ནར་བརྟེན་ན་ཆེས་མཐར་ཐུག་གི་རྩེར་སོན་པའི་ཚོར་ཤེས་ཤིག་ཡོད་ལ། ལུས་སེམས་གཉིས་ཀར་སྤྲོ་སྣང་གིས་འཇིག་རྟེན་ལ་ངོས་འཛིན་པའི་ཚད་མཐོ་རུ་བཏང་ཞིང་ང་ཚོའི་སྤྲོ་སྐྱིད་འཚོ་བ་ཡང་སྔར་ལས་ལོངས་སུ་སྤྱད་ཆོག་ཅེས་ལྟད་མོ་བ་ཞའོ་ཝང་གིས་བཤད་བྱུང་།

རྒྱུས་ལོན་བྱས་པ་ལྟར་ན། 《རྣམ་ཤེས་འཁྱམ་པོའི་གར་འཁྲབ་མཁན》ཞེས་པ་དེ་ནི་སྐབས་དང་པོའི་ལིན་ཧུའུ་རྟགས་མའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཤིག་སྟེ། 《རྣམ་ཤེས་འཁྱམ་པོའི་གར་འཁྲབ་མཁན》ཞེས་པ་ལས་སྒྲིག་བཅོས་བྱས་པའི་ཚོར་ཤེས་གློག་བརྙན་དེ་ནི་ཀྲུང་གོས་གསར་གཏོད་བྱས་པ་རེད། དེས་སྤྱི་ཕན་གྱི་རྣམ་པ་ལ་བརྟེན་ནས་དམིགས་གསལ་གྱི་མི་ཚོགས་ལ་སྐད་སྒྲ་ལས་ཚན་རྩལ་གྱི་རྩོམ་རིག་དང་སྐར་མ་མིག་དམར། ཐ་ན་དེ་ལས་རྒྱང་རིང་བའི་བར་སྣང་གི་སྟོང་ཁམས་ལ་རྒྱུས་ལོན་བྱས། དེས་སྲོལ་རྒྱུན་གློག་བརྙན་གྱི་མཐོང་སྣང་ཕན་ནུས་ཀྱི་ཚད་བཀག་རང་བཞིན་དེ་ཡོངས་སུ་གཏོར་ནས་ལོང་བ་གྲོགས་པོ་དག་ལ་རྣའི་ཚོར་ཤེས་ལ་བརྟེན་ནས་ལུས་སེམས་གཉིས་ཀ་ལས་ཚན་རྩལ་གྱི་འགུག་ཤུགས་གང་དུ་ཡོད་པ་དང་ཁོ་ཚོའི་ཆེད་དུ་ཚན་རྩལ་གྱི་སྒོ་ཆེན་ཡོངས་སུ་ཕྱེས་པ་རེད།

ཐེངས་འདིའི་སྤྱི་ཕན་གློག་བརྙན་འཁྲབ་སྟོན་དེ་རང་ཞིང་གི་ཟི་ལིང་གྲོང་ཁྱེར་ལས་གཞན། ད་ལྟ་ཟླ5ཚེས14ཉིན་མེ་ཏོག་ལུང་བ་རུ་སྟོན་རྒྱུ་ཡིན་ལ། ཟླ5ཚེས18ཉིན་གཏེར་ལེན་ཁ་གྲོང་ཁྱེར་དུ་སྟོན་རྒྱུ་རེད། སྐོར་གཡེང་འཁྲབ་སྟོན་བྱ་འགུལ་དེ་མང་ཨེ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་ལོང་བའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མི་སྣའི་མཉམ་འབྲེལ་ལྷན་ཚོགས། ལིན་ཧུའུ་མིག་དམར་གྲོང་རྡལ་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་གཙོ་སྒྲུབ་བྱས་པ་རེད། གཙོ་སྒྲུབ་ཕྱོགས་ཀྱིས་བསྟན་དོན། སྤུས་ཚད་མཐོན་པོའི་རིག་གནས་ཐོན་རྫས་དེ་དག་ལོང་བའི་འགྲམ་དུ་བསྐྱལ་ནས་ལོང་བ་དག་ཐོས་ཚོར་གྱི་འཇིག་རྟེན་གཞན་ཞིག་ཏུ་ཁྲིད་དེ། ལོང་བ་གྲོགས་པོ་དག་ལ་རིག་གནས་ཀྱི་ཐོན་ཁུངས་ཕུལ་བྱུང་དག་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།