འབའ་རྫོང་གིས་ཆ་སྒྲིག་རོགས་སྐྱོར་ལས་དོན་སྤེལ་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།ཆ་སྒྲིག་རོགས་སྐྱོར་ལས་དོན་ལ་སྔར་བས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དབུལ་ཐར་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་ཆེད།འབའ་རྫོང་གིས་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་བ་དང་།“དབུལ་ཐར་ཕྱུག་འགྱུར་གྱི་བྱ་ཐབས་ཡག་པོ་ཞིག་སྒྲུབ་པ”དང“མངོན་གསལ་དོད་པའི་གནད་དོན་ཞིག་ཐག་གཅོད་བྱེད་པའི”བྱ་ཐབས་དེར་རིགས་སོ་སོའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད།

དབུལ་ཐར་ཕྱུག་འགྱུར་གྱི་“ཐབས་ཇུས་”ཤིག་འདོན་དགོས་ན། “སྔོན་ལ་རྨོངས་སེལ་དང་དབུལ་སྐྱོར་སྔོན་ལ་རིག་སྐྱོར་བྱེད་པ”སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་བྱེད་མཁན་ཏང་ཡོན་ལས་བྱེད་པས་སྦྲེལ་གནས་གྲོང་ཚོ་དང་དུད་ཚང་དབུལ་པོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས“ནད་བརྟག་རྩ་བཤེར”དང་།སྨན་ཐོ་བཟོ་བ།སྨན་བཟང་འཚོལ་བ།དབུལ་ཕོངས་ཀྱི་འགག་རྩ་འཚོལ་བ་བཅས་བྱས་ནས་དུད་ཚང་དབུལ་པོར་དཀའ་ངལ་དངོས་ཐག་གཅོད་དང་དབུལ་ཐར་ཕྱུག་འགྱུར་གྱི“ཐབས་ཤེས”ཤིག་བཏོན་པར་མ་ཟད།མ་དངུལ་དང་ལག་རྩལ་ཐད་ལ་ཡང་རྒྱབ་སྐྱོར་བྱས་པ་རེད།

གནད་དོན་མངོན་གསལ་ཅན་ཞིག་ཐག་གཅོད་བྱ་དགོས་ན། “གནད་དོན་ཕྱོགས་སྟོན་དུ་བཟུང་ནས་བཅོས་སྒྲིག་དམ་འཛིན་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི”རྩ་དོན་མཐའ་འཁྱོངས་ཀྱིས་རོགས་སྐྱོར་གྲོང་ཚོ་དང་དུད་ཚང་དབུལ་པོའི་ཁྱིམ་དུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་།ཐག་གཅོད་བྱེད་དགོས་པའི་དཀའ་ངལ་དང་གནད་དོན་བསྡུ་རུབ་བྱེད་པ།ཆ་སྒྲིག་གྲོང་ཚོ་དང་དབུལ་ཕོངས་ཁྱིམ་ཚང་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་ཁ་ཚ་དགོས་གཏུགས་ཀྱི་འདུན་པ་གསལ་རྟོགས་བྱེད་པ།བྱེད་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་བ།དམིགས་ས་ཡོད་པའི་སྒོ་ནས་རོགས་སྐྱོར་ལས་དོན་སྤེལ་བ་བཅས་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་ཉུང་མཐར་ཡང་མངོན་གསལ་དོད་ཤོས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ལ་དོན་དངོས་གྱི་རོགས་རམ་བྱ་རྒྱུའི་འགན་ལེན་བྱས་པ་རེད།

ལོ་ཙཱ་བ། ཤ་མོ་འཚོ།