རྟ་ཐང་རྫོང་གིས་བྱེད་ཐབས་བཞི་ལ་བརྟེན་ནས་རྒྱལ་ཁོངས་ལྗང་སྒྱུར་ལ་ཧུར་ཐག་སྒོས་སྐུལ་འདེད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། རྒྱལ་ཁོངས་ལྗང་སྒྱུར་འཕེལ་རྒྱས་སུ་གཏང་བ་དང་ནུས་ཤུགས་གང་ཡོད་སྒོས་མཁར་གྲོང་གི་ལྗང་སྒྱུར་མཛེས་སྡུག་ལ་ཤུགས་སྣོན་བྱེད་པ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདག་དོམ་སྲུང་སྐྱོབ་བྱ་བར་ཤུགས་སྣོན་བྱེད་པ། དམངས་ཡོངས་ཀྱིས་འོས་འགན་སྡོང་འཛུགས་བྱ་བ་སོགས་ལེགས་པོར་བསྒྲུབ་ཆེད། ད་ལོ་རྟ་ཐང་རྫོང་གིས་སྔ་མོ་ནས་ཇུས་འདོན་གང་ལེགས་བྱས་ཏེ་ལྗང་སྒྱུར་དམ་འཛིན་དང་ཞན་ཆ་ཁ་སྣོན་གྱིས་གྲོང་ཁྱེར་ལ་རྣམ་པ་གསར་བའི་སྐྱེ་ཁམས་གནས་བབ་ལེགས་པོ་ཞིག་ཆགས་སུ་བཅུག དེ་ཡང་ལྗང་མདོག་འཕེལ་རྒྱས་གསར་སྐྲུན་སྒོས་གྲོང་ཁྱེར་གྱི་མ་དཔེ་གྲུབ་པ་དང་དུས་རབས་གསར་བའི་བདེ་སྐྱིད་ཅན་གྱི་ཟི་ལིང་དང་རྟ་ཐང་འཛུགས་སྐྲུན་བྱ་བའི་ལེའུ་གསར་འཛུགས་དེ་དམིགས་འབེན་དུ་བཟུང་ནས། མཐོ་སྒང་གི་ལྗང་སྒྱུར་འཛུགས་སྐྲུན་ཐད་ལ་བྱེད་ཐབས་མི་འདྲ་བ་བཞི་བཀོལ་ཏེ། རྒྱལ་ཁོངས་ལྗང་སྒྱུར་བྱ་བར་སྐུལ་འདེད་བཏང་།

ད་ལོ་རྟ་ཐང་རྫོང་གིས་ཚན་རྩལ་འཕེལ་རྒྱས་དང་ནགས་ཚལ་ལས་གཉེར་བྱེད་པའི་ཚད་གཞི་དང་ནགས་ལས་བཅོས་སྒྱུར་བྱ་བའི་ཚད་གཞི་ཆེས་ཆེར་བཏང་སྟེ། སོན་སྐྱེས་མྱུ་གུ་ལེགས་པོ་གསོ་སྐྱོང་བྱས་ཏེ་ཚོང་ར་ལ་ཟབ་ཞུགས་བྱས། རྒྱལ་ཁོངས་ལྗང་སྒྱུར་བརྒྱུད་ནགས་ཚལ་གྱི་སྤྱིའི་ཐོན་ཚད་འཕར་སྣོན་བྱུང་བ་མངོན་འགྱུར་དང་ནགས་ཚལ་གྱི་རྒྱུ་སྤུས་མཐོར་འདེགས། སྐྱེ་ཁམས་ཀྱི་རྒྱུ་སྤུས་མཐོར་འདེགས་བཅས་སུ་བཏང་ཡོད། རྒྱལ་ཁོངས་ལྗང་སྒྱུར་འགན་འཁྲི་མུའུ་ཁྲི16.66ལས་མུའུ་ཁྲི15.154ཡི་འགན་འཁྲི་མངོན་འགྱུར་བྱས། མཁར་གྲོང་ལྗང་སྒྱུར་མཛེས་སྡུག་ཚོན་ལྡན་ཅན་ཏུ་གཏོང་བར་ནུས་པ་གང་ཡོད་བཏོན་ནས་རྫོང་མཁར་གྱི་སྲང་ལམ་ལྗང་སྒྱུར་མཛེས་བཟོ་བྱ་བ་དེ་ལྟེ་བར་བཟུང་ནས་ཤང་དང་གྲོང་རྡལ་སོ་སོའི་གཞུང་ལམ་གྱི་ལམ་རྒྱུད་གཙོ་བོ་དག་ལ་ལྗང་སྒྱུར་མཛེས་བཟོ་བྱས་ཡོད། འཆར་གཞི་ལྟར་ན། ཟམ་སྣེ་གྲོང་རྡལ་གྱི་ལུས་རྩལ་ལམ་དང་ཨན་མོའུ་ལམ། ཧྥུ་ཡོན་ནུབ་ལམ་སོགས་ལ་རྨང་གཞི་རང་བཞིན་གྱི་ལྗང་སྒྱུར་འཛུགས་སྐྲུན་བྱ་རྒྱུ་ཡིན་ལ། ལྗང་སྒྱུར་འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི་རྨིད་གྲུ་བཞི་མ་ཁྲི3.1དང་ཞིང་སྡེ་གཞུང་ལམ་སྤྱི་ལེ226ལ་མེ་ཏོག་དང་རྩི་ཤིང་འདེབས་འཛུགས་བྱེད་པ། དེའི་སྤྱིའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི22.6ཡིན། ད་ལྟ་ལེགས་སྒྱུར་བྱེད་བཞིན་པའི་ཟམ་སྣེ་སྤྱི་གླིང་གི་མཛེས་ལྗོངས་བཅོས་སྒྱུར་འཆར་འགོད་ཇུས་གཞི་ལ་སྐྱ་རིས་བཀོད་ནས། སྤྱི་གླིང་གི་ལྗང་སྒྱུར་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། མ་གཞི་ནས་ཡོད་པའི་མཛེས་ལྗོངས་རྨང་གཞིའི་སྟེང་མེ་ཏོག་དང་རྩི་ཤིང་མང་དུ་འདེབས་འཛུགས་བྱེད་པ། དུས་ཚིགས་ལྟར་བུམ་བཙུགས་མེ་ཏོག་སོགས་ཀྱི་མཛེས་ལྗོངས་གསར་འཛུགས་ལ་ཤུགས་བསྣན་ནས། ལྗོན་པ་འདེབས་འཛུགས་ཀྱི་ཁ་གྲངས་ཇེ་མང་དང་རོལ་མྱོང་བྱ་བའི་ཚད་མཐོ་རུ་གཏོང་བ། ནགས་ཚལ་རྩྭ་ཐང་གི་ཐོན་ཁུངས་བདག་དོམ་ལ་ཤུགས་བསྣན་ནས་མུའུ་ཁྲི257.99ལ་ནགས་ཚལ་དང་མུའུ་ཁྲི250ཡི་རྩྭ་ཐང་བདག་དོམ་འགན་འཁྲི་ལག་ལེན་དངོས་འབེབ་བྱ་རྒྱུ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།