རང་ཞིང་གིས་སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་ཐེབས་རྩའི་ཆེད་དོན་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། དངུལ་རྩའི་ཁྱབ་ཁོངས་སུ་སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྒོ་ནས་རྒྱབ་སྐྱོར་འཐོབ་ཆེད། ཉེ་ལམ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་བདག་དོམ་ཅུའུ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་ཐེབས་རྩའི་ཆེད་དོན་གསབ་སྦྱོང་འཛིན་གྲྭ་བསྡུས་པ་རེད། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཁུལ། ས་གནས་བཅས་ཀྱི་ཏང་ཨུའི་རྩ་འཛུགས་པུའུ་དང་སྲིད་གཞུང་དབུལ་སྐྱོར་ཅུའུ་ཡི་འགན་ཁུར་བློ་མཐུན། དེ་མིན་ཤང་དང་གྲོང་རྡལ་རེ་འགའི་རྩ་འཛུགས་ཨུ་ཡོན་སོགས་ཁྱོན་བསྡོམས་མི་གྲངས155གསབ་སྦྱོང་ལ་ཞུགས་ཡོད།

དུས་ཡུན་ཉིན་གསུམ་གྱི་གསབ་སྦྱོང་ཁྲོད་སྲིད་ཇུས་ཀློག་འགྲེལ་དང་དངུལ་རྩའི་རྒྱབ་སྐྱོར། ཐོན་ལས་མཛུབ་སྟོན། ཉམས་མྱོང་ངོ་སྤྲོད་བཅས་རྣམ་པ་མི་འདྲ་བ4གསར་འཛུགས་དང་བསླབ་ཚན་མི་འདྲ་བ14བཀོད་སྒྲིག་བྱས་ནས། ཞིང་ཆེན་ཕྱི་ནང་གི་ཞིང་ལས་ཞིང་སྡེའི་ཐེབས་རྩའི་བདག་དོམ་དང་ཞིང་ལས་ཉེན་སྲུང་འགན་བཅོལ། རིག་གནས་ཡུལ་སྐོར། ནགས་ལས་རྩྭ་ཐང་། དངུལ་ཁང་ཁག་ཐེག་སོགས་ཐད་ཀྱི་ཆེད་མཁས་མི་སྣ་དང་ཕྱུག་འགྱུར་སྣེ་ཁྲིད་མཁན་གདན་ཞུས་བྱས་ཏེ་སློབ་ཁྲིད་བྱེད་དུ་བཅུག ཆེད་མཁས་པ་དང་ཕྱུག་འགྱུར་སྣེ་ཁྲིད་མཁན་གྱིས་སེམས་ལ་འབབ་པའི་སྐད་ཆ་དང་དངོས་ཡོད་ཀྱི་དཔེར་བརྗོད། རང་སྟེང་གི་མྱོང་ཚོར་བཅས་ཀྱིས་སློབ་མ་དག་ལ་སྤུས་ཚད་མཐོ་བའི་ཡུལ་དངོས་ཀྱི་གསབ་སྦྱོང་སློབ་ཁྲིད་ཐེངས་ཤིག་བྱས་པས། སློབ་མ་དག་གིས་སྤྲོ་སྐྱིད་ཀྱི་མཁའ་དབུགས་ཁྲོད་ཞིང་གསུམ་ཁྱབ་ཁོངས་ཁྲོད་ཀྱི་ཐེབས་རྩའི་ལས་གཞི་ལེགས་འདེམས་དང་རེ་འདུན་ཞུ་ཡིག་ཕུལ་བ། དངུལ་གཏོང་རྗེས་ཀྱི་བདག་དོམ་སོགས་ལ་བྱེ་བྲག་གི་ལས་སྣོན་བརྒྱུད་རིམ་དང་བྱ་བའི་དངོས་ཡོད་ལས་སྣོན་སོགས་ལ་གོ་བ་ཟབ་མོ་ཞིག་ལེན་དུ་བཅུག་ཡོད།

ཐེངས་འདིའི་གསབ་སྦྱོང་གིས་གཞི་རིམ་ལས་བྱེད་མི་སྣས་དངུལ་རྩ་བེད་སྤྱོད་སྒོས་རང་ཉིད་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་ལྟར་སྡེ་བའི་ཐུན་མོང་གི་དཔལ་འབྱོར་ཐོན་ལས་ལས་གཞིའི་ནུས་པ་ཆེས་ཆེར་བཏང་ཞིང་། སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་ཚོང་གཉེར་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏང་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།