སྐྱེས་པ་ཞིག་གིས་ཁྲིམས་འགལ་བརྙན་ཐུང་བརྒྱུད་བསྐུར་བྱས་ཏེ་མི38ལ་མགོ་སྐོར་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། “འདར་འཕྲིན”དང“མགྱོགས་འཕྲིན”སོགས་བརྙན་ཐུང་མཛེས་རིས་ཀྱིས་རང་ཉིད་ཀྱི་འཚོ་བ་དང་སེམས་ཁམས་དེ་ཀུན་ལ་མཉམ་སྤྱོད་བྱེད་པ། མི་གཞན་གྱི་འཚོ་བ་དང་གནས་ཚུལ་མཚོན་པའི་བརྙན་ཐུང་བརྒྱུད་འགོད་བྱེད་པ་ནི་ད་ལྟའི་མི་མང་པོ་ཞིག་གི་དགའ་མོས་སུ་གྱུར་ཡོད་ལ། དེས་ཕྱོགས་གཅིག་ནས་མི་དང་མིའི་བར་ཐག་ཇེ་ཉེར་བཏང་ན་ཡང་། ཕྱོགས་གཞན་ཞིག་ནས་གནད་དོན་མི་འདྲ་བ་གང་མང་ཞིག་ཀྱང་བྱུང་དང་འབྱུང་བཞིན་ཡོད། དཔེར་ན་མི་ལ་ལས་བརྙན་ཐུང་བེད་སྤྱོད་དེ་ཁྲིམས་དང་འགལ་བ་ལྟ་བུའོ།

ན་ནིང་གི་ཟླ་དང་པོར། ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་ཧོང་ཅ་གྲོང་རྡལ་ཏུང་ལིག་སྡེ་བའི་སྡེ་མི་ཝང་ག་གེ་མོ་ཡིས“མགྱོགས་འཕྲིན”གྱི་བརྙན་ཐུང་འཕྲིན་སྟེགས་སུ་རང་ཉིད་ཀྱི་རྩིས་ཨང་ཐོ་འགོད་བྱས་ཤིང་། མི་གཞན་དང་མི་འདྲ་བ་ཞིག་ལ་ཁོས་ཁྱབ་སྤེལ་བྱེད་པའི་བརྙན་ཐུང་ནི་རང་ཉིད་ཀྱི་འཚོ་བ་མཚོན་པའི་རིགས་ཀྱི་བརྙན་ཐུང་མ་ཡིན་པར། འཕྲིན་སྟེགས་གང་དེ་བེད་སྤྱད་ནས་རླངས་འཁོར་ཁ་ལོ་པའི་ཆོག་མཆན་དཔང་ཡིག་རྫུན་བཟོ་བྱེད་པའི་སྐོར་གྱི་ཁྲིམས་འགལ་སྒྲིག་འགལ་བརྙན་ཐུང་ཡིན་པ་རེད། བརྙན་ཐུང་དག་གི་ཁྲོད་དུ་ཁོས་རང་ཉིད་ནི“ཞི་ཨན་ཏ་ཞིན་རླངས་འཁོར་ཁ་ལོ་བའི་ཆོག་མཆན་དཔང་ཡིག་ཞབས་ཞུའི་ལྟེ་གནས་ཀྱི་ལས་བྱེད་མི་སྣ”ཡིན་པར་བཤད་དེ། རིན་དངུལ་སྒོར་མོ་སྤྲད་པ་ན་རྒྱུགས་གཞི་ལ་ཞུགས་མི་དགོས་པར་རླངས་འཁོར་ཁ་ལོ་པའི་ཆོག་མཆན་དཔང་ཡིག་འཐོབ་ཐུབ་པ་སོགས་བཤད་དེ་མི་གཞན་ལ་མགོ་སྐོར་བཏང་པ་རེད། བརྙན་ཐུང་བརྒྱུད་འགོད་བྱེད་པ་ལས་གཞན་ད་རུང་ཁོས་ཐད་གཏོང་ཡང་བྱས་ནས་ཐེངས་མང་པོར་མི་གཞན་གྱི་ཡིད་ཆེས་འཐོབ་དུ་བཅུག དེ་ཡང་མགོ་བདེ་ལ་ལར་མཚོན་ནས་བཤད་ན། ཝང་ག་གེ་མོ་ཡི་གཡོ་ཇུས་དེ་ནི་ཏག་ཏག་ཁོ་ཚོའི་དགོས་མཁོ་དང་ཡོངས་སུ་མཐུན་པ་རེད། དེའི་རྐྱེན་གྱིས་ན་ནིང་གི་ཟླ1ནས་ཟླ8པའི་བར་གྱི་ཏག་ཏག་ཟླ་ངོ8ཀྱི་དུས་ཡུན་ནང་ཁོས་སྔ་གཞུག་ཏུ་མི38ལ་མགོ་སྐོར་བཏང་ཟིན།

རྒྱུས་ལོན་པ་ལྟར་ན། མགོ་སྐོར་ཐེབས་པའི་གནོད་འཚེ་མཁན38དེ་དག་ནི་རང་ཞིང་གི་ཁུལ་དང་རྫོང་སོ་སོ་ནས་འོངས་པ་ཡིན་ལ། ཚང་མས་ཝང་ག་གེ་མོ་ཡི་བརྙན་ཐུང་ལ་བལྟས་རྗེས་སེམས་སུ་རང་ཉིད་ལ་གོ་སྐབས་འཐོབ་པར་བསམ་ནས་གཡོ་འོག་ཏུ་ཚུད་པ་རེད། དེའི་ཁྲོད་མགོ་སྐོར་བསླུ་བྲིད་ཀྱི་རིན་དངུལ་གཡོ་ལེན་བྱས་པ་ཆེས་མང་ཤོས་ནི་ཝེ་ག་གེ་མོ་དང་ཨན་ག་གེ་མོ། རོའུ་ག་གེ་མོ་ཡིན་ལ། ཁོ་ཚོས་ཝང་ག་གེ་མོ་ལ་ཆོག་མཆན་དཔང་ཡིག་ལེན་པར་མཁོ་པའི་གཏའ་དངུལ་བཞག་པ་ལས་གཞན་ད་དུང་ཝང་ག་གེ་མོ་ཡིས་ཁོ་ཚོ་རྟ་ཐང་རྫོང་གི་པར་ལེན་ཁང་གང་རུང་ཞིག་གི་ནང་དུ་རླངས་འཁོར་ཁ་ལོ་བའི་ཆོག་མཆན་དཔང་ཡིག་སྒྲུབ་པར་མཁོ་བའི་འདྲ་པར་ལེན་དུ་བཅུག་སྟེ། གནོད་ཐེབས་མི་སྣ་དག་ལ་ཡིད་ཆེས་སྐྱེས་སུ་བཅུག་པས། འདྲ་པར་བླངས་ཚར་རྗེས་མི་གསུམ་གྱི་མིང་ཐོ་འགོད་རིན་གཡོ་ལེན་ཐུབ་པར་གྱུར། ཝང་ག་གེ་མོ་ཁྲིམས་ལ་ཚུད་རྗེས་རྩད་གཅོད་བྱས་པ་བརྒྱུད་གནོད་ཐེབས་མི་སྣ38གྱི་རིན་དངུལ་སྒོར་ཁྲི18གཡོ་ལེན་བྱས། རྟ་ཐང་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་རའི་འདྲི་གཅོད་ལྟར་ན། གྱོད་ཡ་ཝང་ག་གེ་མོ་ལ་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་ལྔ་དང་དངུལ་ཆད་བཅད། དེའི་མི་ཚད་ད་རུང་གཡོ་ལེན་བྱས་པའི་རིན་དངུལ་ཡོད་ཚད་ཕྱིར་བདག་པོར་སྤྲོད་དུ་བཅུག ཁྲིམས་ཁང་གིས་གསལ་འདེབས་བྱ་རྒྱུར། མི་སྒེར་གྱིས་བརྙན་ཐུང་འཕྲིན་སྟེགས་སོགས་སུ་ཁྲིམས་འགལ་གྱི་གནས་ཚུལ་རྫུན་མ་སྒྲོག་སྤེལ་བྱེད་པ་གཏན་འགོག་དང་མི་དམངས་ཀྱིས་དེའི་སྐོར་གྱི་བརྡ་འཕྲིན་ལ་མི་ལྟ་བ། ཡིད་ཆེས་མི་བྱེད་པ་བཅས་ཀྱིས་གཡོ་འོག་ཏུ་ཚུད་པར་དོགས་ཟོན་བྱ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།