རང་རེའི་ཞིང་ཆེན་གྱིསAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསུམ་གྱི་སྒོ་བྱང་བླངས་པ།

ཟླ5ཚེས8ཉིན། མི་དམངས་དྲ་བས་ཟི་ལིང་ནས་སྤེལ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པར་དཔྱད་འཇོག་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཞིབ་འཇུག་བརྒྱུད། ཟི་ལིང་གི་ཞིང་གྲོང་རྨོ་འདེབས་རིག་གནས་སྣོད་བཅུད་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAAརིམ་པ་ཅན་དང་། རྟ་ཐང་རྫོང་ཧུའེ་ཧྥེང་ཞིང་ལས་ཡུལ་སྐོར་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པ་ཅན། རྟ་ཐང་གི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཚ་ཧན་ཆུ་བོའི་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པ་ཅན་བཅས་ཡུལ་སྐོར་ལྗོངས་ཁུལ་གསུམ་གྱི་ཐོབ་ཐང་ལེན་རྒྱུ་ཐག་བཅད་ཡོད་པ་རེད།

2018ལོའི་ཟླ9ཚེས15ཉིན། ཞིང་ལས་ཞིང་གྲོང་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ་ཡིས《“སྤྱིལ་ཁང་ཆེན་མོ”ལ་ཆེད་དོན་དག་ཐེར་བྱས་ནས་རྨོ་ཞིང་གཞན་སྤྱོད་ལ་བཀག་འགོག་བྱེད་དགོས་སྐོར་གྱི་ཇུས་གཞི》པར་འགྲེམ་བྱ་བའི་བརྡ་ཁྱབ་སྤེལ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས《བརྡ་ཁྱབ》ཀྱི་དགོངས་དོན་དོན་འཁྱོལ་བྱ་ཆེད། ཡུལ་སྐོར་ལྗོངས་ཁུལ་ལ་ཆེད་དོན་ཞིབ་བཤེར་བྱེད་པའི་ཚན་ཆུང་སྒྲིག་འཛུགས་བྱས་ཏེ། རེབ་ཐེངས་དུ་མར་མཚོ་སྔོན་གྱི་ལྗོངས་ཁུལ་གཙོ་བོ་དག་ལ་ཞིབ་བཤེར་ལྟ་སྐུལ་བྱས།


ཡུལ་དངོས་ཞིབ་བཤེར་དང་རྒྱུ་ཆ་ཞིབ་ཀློག་བརྒྱུད། ཟི་ལིང་གི་ཞིང་གྲོང་སྐྱིད་པོའི་རྨོ་ཞིང་རིག་གནས་སྣོད་བཅུད་ལྗོངས་ཁུལ(AAAA)དང་། རྟ་ཐང་རྫོང་ཧུའེ་ཧྥེང་ཞིང་ལས་ཡུལ་སྐོར་ལྗོངས་ཁུལ(AAA)གཉིས“སྤྱིལ་ཁང་ཆེ་མོ”ཡི་གནད་དོན་དག་ཐེར་བྱ་བའི་མིང་ཐོར་ཚུད་ངོར། རྨོ་ཞིང་གཞན་སྒྱུར་ལ་མཐའ་གཅིག་བཀག་འགོག་བྱས་ནས་སྲུང་སྐྱོང་གི་མ་མཐའི་ཚད་ཐིག་ནན་སྲུང་བྱེད་དགོས་བྱུང་ནས་སྒོ་བྱང་ལེན་དགོས་པ་དང་། རྟ་ཐང་གི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཚ་ཧན་ཆུ་བོའི་ལྗོངས་ཁུལ(AAA)དེ་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་མ་མཐའི་ཚད་ཐིག་གི་ཁྱབ་ཁོངས་སུ་ཚུད་ཡོད་སྟབས་ལྗོངས་ཁུལ་གྱི་ཐོབ་ཐང་ལེན་དགོས་བྱུང་བ་རེད།

རྟ་ཐང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཚ་ཧན་ཆུ་བོའི་ལྗོངས་ཁུལ་ལྟ་བུ་ནི་ཆུ་ཁོངས་སྲུང་ཡུལ་དུ་གཏོགས་ཤིང་། ས་ཆུའི་བཅུད་ཕུན་སུམ་ཚོགས་པ་དང་། ཤྭ་བ་དང་དྲེད་མོང་སོགས་རི་དྭགས་རྩ་ཆེའི་རིགས་མང་པོ་གནས་ཡོད། ན་ནིང་ཀྲུང་དབྱང་གི་ཁོར་སྲུང་ལྟ་ཞིབ་ཚན་ཆུང་མཚོ་སྔོན་དུ་བཅའ་སྡོད་བྱས་ནས་སྐོར་ཞིབ་ཐེངས་དང་པོ་བྱེད་དུས་སུ། ང་ཚོས་ལྗོངས་ཁུལ་གྱི་སྒོ་བརྒྱབ་ནས་དག་ཐེར་བྱས་པ་ཡིན། ད་ཆ་ཚ་ཧན་ཆུ་བོའི་ལྗོངས་ཁུལ་དངོས་སུ་སྒོ་བརྒྱབ་ནས་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་མཚམས་བཞག་ནས་གདོད་མའི་ནགས་ཚལ་གྱི་རྣམ་པ་སླར་གསོ་བྱས་ཡོད་ཅེས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་འཆར་འགོད་འཛུགས་སྐྲུན་ཁྲུའུ་ཡི་ལི་ཞུའུ་ཧུའེ་ཡིས་དེ་སྐད་ལབ་བྱུང་།

ད་སྔ་ཟི་ལིང་གི་ཞིང་གྲོང་སྐྱིད་པོ་དང་རྟ་ཐང་རྫོང་གི་ཧུའེ་ཧྥེང་ལྗོངས་ཁུལ་གཉིས་ཀྱི་རླངས་འཁོར་འཇོག་ས་དང་། འགྲོ་ལམ། ལམ་རྟགས་སོགས་ཡུལ་སྐོར་གྱི་རྨང་གཞི་སྒྲིག་ཆས་ཆ་ཚང་བཤིག་ཚར་ཡོད་པ་རེད། ལི་ཞུའུ་ཧུའེ་ཡིས། ལྗོངས་ཁུལ་ནང་རོལ་གྱི་རླངས་འཁོར་འཇོག་ས་ཚང་མ་ཨར་འདམ་ཡིན་ལ། ང་ཚོས་དེ་ཚང་མ་བཤིག་ནས་ཡང་བསྐྱར་རྨོ་ཞིང་དུ་བཏང་ཡོད་ཟེར།

ཉེ་བའི་ལོ་ཚུན་ལ། མཚོ་སྔོན་གྱི་ཡུལ་སྐོར་ཆུ་བོའི་རྒྱུན་བཞིན་འཕེལ་བ་དང་བསྟུན་ནས་མཚོ་སྔོན་པོ་དང་། ཚྭ་ཁའི་ཚྭ་མཚེའུ་སོགས་ལྗོངས་ཁུལ་གྲགས་ཅན་ཕུད། རྨ་ཙོང་དམངས་སྲོལ་ཏེ་རྨོ་འདེབས་རིག་གནས་ཀྱི་མཚར་སྡུག་གིས་ཡོངས་སུ་བརྒྱན་པའི་སྣོད་བཅུད་ར་བ་དང་། གདོད་མའི་ནགས་ཚལ་གྱིས་ཡོངས་སུ་གཏིམས་པའི་གནས་ཏེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ལ་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མང་པོས་དགའ་བསུ་ཆེན་པོ་ཐོབ། གནའ་བོའི་ཟི་ལིང་གི་ལམ་རྙིང་དང་། དམངས་སྲོལ་དངོས་མང་བཤམས་སྟོན་ཁང་། ཞིང་ཁྱིམ་གཞིས་ར་སོགས་ཧ་ཅང་བཟང་། གཟའ་མཇུག་ལ་ཐོན་དུས། བྱིས་པ་འཁྲིད་དེ་སྤྱིལ་ཁང་ཆེ་མོར་སོང་ནས་སྔོ་ཚལ་དང་སིལ་ཏོག་གི་རིགས་འཐོག་པར་ཉམས་སུ་རོལ་ཆོག་ཅེས་ཟི་ལིང་གི་སྡོད་དམངས་ལྕམ་མོ་ཝང་ལགས་ཀྱིས་བཤད་བྱུང་།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས། མཚོ་སྔོན་གྱི་ཡུལ་སྐོར་དུས་བཟང་བསླེབས་པ་དང་བསྟུན་ནས་ཡུལ་སྐོར་ཁྲོམ་རའི་ལུགས་མིན་རྣམ་པ་ལ་རྡུང་རྡེག་ནན་མོ་བྱས་ཏེ། ཡུལ་སྐོར་སྐུ་མགྲོན་གྱི་ཡུལ་སྐོར་མྱོང་རོལ་དང་ཚེ་སྲོག རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་དང་ཆབས་ཅིག སྣོད་བཅུད་སྲུང་སྐྱོང་ལེགས་པོ་བྱེད་པའི་རྨང་གཞིའི་སྟེང་ཡུལ་སྐོར་བྱེད་སྒོ་སྤེལ་རྒྱུ། ལས་ཀ་རྗེས་མར་ང་ཚོས་ཞིང་ཆེན་ནང་ཁུལ་དུ་ཡོད་པའི་དངོས་མང་བཤམས་སྟོན་ཁང་དང་། དམངས་སྲོལ་ཁང་སོགས་ཀྱི“རིམ་པ་ཇེ་མཐོར”བཏང་སྟེ། ས་གནས་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་སྣོད་བཅུད་ལྗོངས་ཁུལ་དང་རྩོལ་བྱུང་ཡུལ་ལྗོངས་གཉིས་མཉམ་འདྲེས་མཉམ་བསྲེས་ཐོག་རིམ་པ་ཇེ་མཐོར་བཏང་ནས་ཡུལ་སྐོར་སྐུ་མགྲོན་རྣམས་ལ་སྤུས་ལེགས་པའི་ཡུལ་སྐོར་རིག་གནས་བྱེད་ས་ཡག་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་ཟེར།

ཁོན་ཐར་འཚོས་བསྒྱུར།