སྟར་བུའི་རིགས་ཀྱི་མཚོ་སྔོན་ཐོན་དངོས་ཕྱི་རྒྱལ་དུ་འཚོང་ཚད་མཐོ་རུ་ཕྱིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟི་ལིང་གི་མཚོ་འགག་ནས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར་དུ། མཚོ་སྔོན་ས་ཁུལ་ནས་སྟར་བུའི་རིགས་ཀྱི་ཐོན་རྫས་མང་པོ་ཕྱི་རྒྱལ་དུ་འཚོང་བའི་རིན་ཐང་སྒོར་ཁྲི1960.89ལ་བསླེབས་ཤིང་། དེ་ནི་ལོ་སྔོན་མའི་དུས་མཉམ་ལས302.8%ཇེ་མང་དུ་སོང་ཡོད་པ་དང་། གཙོ་བོ་ཨ་རི་དང་སི་ཕེན། ཅེ་ཁེ། ཐེ་ལན་སོགས་རྒྱལ་ཁབ་ལ་ཚོང་འདྲེན་བྱས་ཡོད་པ་རེད།

འཛམ་གླིང་གིས་ཀྲུང་གོའི་སྟར་བུ་ལ་བསྔགས་ཤིང་། ཀྲུང་གོས་མཚོ་སྔོན་གྱི་སྟར་བུ་ལ་བསྟོད། མཚོ་སྔོན་ནི་སྟར་བུ་ཐོན་སྐྱེད་ཀྱི་ཡུལ་མཆོག་ཏུ་གྱུར་བ་ཞིག་སྟེ།ད་ཆ་ཡུལ་དེར་རི་སྐྱེས་སྟར་བུའི་ཐོན་ཁུངས་ས་མུའུ་ཁྲི400(སྤྱི་ཆིངས་ཁྲི26ལྷག)ཡོད་ཅིང་།རྒྱལ་ཡོངས་ཀྱི་སྟར་བུའི་ཐོན་ཁུངས་སྤྱིའི20%ཟིན་ཡོད་པ་རེད། ཟི་ལིང་མཚོ་འགག་གིས་མཚོ་སྔོན་གྱི་སྟར་བུའི་རིགས་ཀྱི་ཐོན་རྫས་ཕྱི་རྒྱལ་དུ་འཚོང་བའི་སྤུས་ཚད་དང་ཕན་འབྲས་ཇེ་ལེགས་སུ་གཏང་ཆེད། ཕྱོགས་གཅིག་ནས་ཆ་འཕྲིན་ལག་རྩལ་གྱི་རོགས་སྐྱོར་ལ་ཤུགས་བསྣན་ཏེ། ཕྱི་རྒྱལ་གྱི་ལག་རྩལ་འགལ་རྐྱེན་བྱེད་ཐབས་དང་རྒྱལ་ཁབ་ཕྱི་ནང་གི་བཟའ་ཆས་བདེ་འཇགས་ཀྱི་ཉེན་ཡོད་གནས་ཚུལ་དུས་ཐོག་ཏུ་འཚོལ་སྡུད་བྱས་ནས་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་ལག་རྩལ་རང་བཞིན་གྱི་ཉོ་ཚོང་འགལ་རྐྱེན་སེལ་ཐབས་ལ་འཁྲིད་སྟོན་ལེགས་པོ་བྱས། ཕྱོགས་གཞན་ནསE-CIQམ་ལག་གཙོ་བོར་གཞི་བཅོལ་ཏེ། ཉེན་ཁར་དབྱེ་ཞིབ་ལས་ཀ་གཙོར་འཛིན་ཞིང་། ཁེ་ལས་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་དམ་འཛིན་བྱེད་པའི་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་གྱི་མ་ལག་ཧུར་ཐག་གིས་བཙུགས་ནས་ནད་ཡམས་བརྟག་དཔྱད་ཀྱི་དུས་ཡུན་དེ་སྔོན་གྱི་ཆ་སྙོམས་གཟའ་འཁོར་གཅིག་ནང་སྒྲུབ་དགོས་པ་དེ་ཉིན་གཅིག་ནང་སྒྲུབ་ཐུབ་པར་བྱས་ཡོད་པས། ཁེ་ལས་ཀྱི་ཐོན་རྫས་ཕྱི་རྒྱལ་དུ་གཏོང་བའི་མ་རྩ་ཇེ་ཉུང་དུ་བཏང་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།