གཙང་གསུམ་འགོ་ཁུངས་ཀྱི་དུས་རིམ་གཉིས་པའི་འཛུགས་སྐྲུན་ལས་གཞི་ལ་སྒོར་དུང་ཕྱུར7གྱི་རྒྱབ་སྐྱོར་ཐོབ་པ།

མཚོ་སྔོན་ཞིང་ཆེན་གསར་འགྱུར་དྲ་བའི་འཕྲིན། རང་རེའི་ཞིང་ཆེན་གྱིས་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་ལེགས་བཅོས་ལ་རྒྱབ་སྐྱོར་བྱེད་པ་དེ་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་གོང་སྤེལ་གྱི་ལས་འགན་གལ་ཆེན་དུ་བརྩིས་ངོར། ཉེ་ལམ་ཞིང་ཆེན་ནོར་སྲིད་ནས་མ་དངུལ་དུང་ཕྱུར7བཏང་སྟེ། གཙང་གསུམ་འགོ་ཁོངས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་དུས་རིམ་གཉིས་པའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད་ཅིང་། གཙོ་བོ་ས་ནག་གྲམ་ཐང་བཅོས་སྐྱོང་དང་། ནགས་ཤིང་མྱུག་འཛུགས་རྟེན་གཞི་འཛུགས་སྐྲུན་ལས་གཞི། གནོད་ལྡན་སྐྱེ་དངོས་འགོག་ཟོན། བྱེ་ས་ཐང་རྒོད་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན། ནགས་འདེབས་ནགས་འཛུགས། ན་འདམ་དང་གངས་རིའི་འཁྱགས་རོམ་སྲུང་སྐྱོང་སོགས་ལས་གཞིའི་ཐད་བཀོལ་སྤྱོད་བྱ་རྒྱུ་རེད།

2013ལོར་གཙང་གསུམ་འགོ་ཁུངས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞིའི་ལས་འགོ་བསླངས་ནས་བཟུང་། ཞིང་ཆེན་ནོར་སྲིད་ཀྱིས་ཀྲུང་དབྱང་གི་ཆེད་དོན་མ་དངུལ་དང་།འགྲོ་གྲོན་སྔ་འདོན་ལ་བརྩོན་ལེན་བྱས་ཏེ། སྔ་གཞུག་ཏུ་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་དུས་རིམ་གཉིས་པའི་ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་དུང་ཕྱུར36.15བཏང་ནས་ལས་གཞི་འཛུགས་སྐྲུན་ལ་འགན་སྲུང་ལེགས་པོ་བྱས། ཐེངས་འདིར་བཏང་བའི་མ་དངུལ་དེ་ནི་གཙོ་བོ་རྩྭ་ཐང་དང་འབྲོག་སའི་རྩྭ་འདེབས་དང་། རྩྭ་ར་སྐོར་བ། ཨ་བྲ་དང་གནོད་འབུ། རྩྭ་ངན་རིགས་འགོག་བཅོས་བྱེད་པ། རྩྭ་སྤུས་ལེགས་ཤོས་སོགས་ཀྱི་རྩྭ་ས་སྲུང་སྐྱོང་དང་ལེགས་བཅོས་བྱེད་ཐབས་ཁྱབ་གདལ་གཏོང་བ་བཅས་ཀྱི་ཕྱོགས་སུ་བཏང་སྟེ། རྩྭ་ས་ཞན་འགྱུར་གྱི་སྣང་ཚུལ་རིམ་པ་བཞིན་སྔོན་འགོག་བྱས་ནས་རྩྭ་ཕྱུག་གི་འགལ་བ་ཐག་གཅོད་དང་། ན་འདམ་གྱི་སྣོད་བཅུད་བྱེད་ནུས་ཆེར་བསྐྱེད། མཚོ་མཚེའུ་ཡི་གཞི་ཁྱོན་ཇེ་ཆེར་གཏོང་བ། ཆུ་རྒྱུན་འབབ་རྒྱུད་ཀྱི་ཆུ་འདོན་ནུས་པ་ལེགས་པོ་འདོན་པ་བཅས་ལ་འདེགས་སྐྱོར་དང་འགན་སྲུང་གི་ནུས་པ་གང་ལེགས་འདོན་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།