མཚོ་སྔོན་གྱིས་འབྲས་སྐྲན་གྱི་འགོག་སྨན་རིགས17སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་སུ་བཅུག་པ།

ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ5ཚེས6ཉིན་ཟི་ལིང་ནས་སྤེལ་བའི་འཕྲིན། ཚེས6ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་བྱ་བའི་གྲོས་ཚོགས་ཐོག་ཤེས་གསལ་ལྟར་ན། མཚོ་སྔོན་གྱིས་སྨན་བཅོས་འགན་སྲུང་ཡོད་པའི་ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཇེ་ཡང་དུ་གཏང་ཆེད། རྒྱལ་ཁབ་ཀྱིས་གྲོས་མོལ་ཐོག་ཐག་བཅད་པའི་འབྲས་སྐྲན་འགོག་པའི་སྨན་རྫས་རིགས17སྨན་བཅོས་འགན་ལེན་གྱི་ཁྱབ་ཁོངས་སུ་བཅུག་པ་རེད།

ཤེས་གསལ་ལྟར་ན། འབྲས་སྐྲན་ནད་འགོག་པའི་སྨན་རིགས17ནི2018ལོའི་ཟླ11པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་གི་ཁ་པའི་རིགས་ཀྱི་སྨན་རྫས་རྩིས་ལེན་ཁྱབ་ཁོངས་སུ་བཅུག་ནས་དམིགས་བསལ་གྱི་བཀོལ་སྤྱོད་ནང་བཞིན་དོ་དམ་བྱེད་ཀྱི་ཡོད་པ་དང་། དེའི་ཁར་དེ་སྔ་སྨན་བཅོས་འགན་སྲུང་ནང་བཅུག་ཟིན་པའི་དམིགས་བསལ་སྨན་རིགསསྣ40བསྣན་ན། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ནང་བླངས་པའི་དམིགས་བསལ་སྨན་རྫས་མི་འདྲ་བ་བསྡོམས་པའི57ལ་བསླེབས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་ལུའུ་ཀང་གིས་འདི་སྐད། མཚོ་སྔོན་གྱི་ས་གནས་ཁག་ཏུ“བགྲོད་ལམ་གཉིས”ཀྱི་འགན་སྲུང་བྱེད་ཐབས་བཀོལ་ཡོད་ཅིང་། སྨན་བཅོས་འགན་སྲུང་ཡོད་པའི་ནད་པས་སྨན་པས་བྱིན་པའི་སྨན་ཐོ་ལ་བརྟེན་ནས་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་ཁང་དུ་འབྲས་སྐྲན་སྨན་ཉོ་སྒྲུབ་བྱེད་ཆོག་པར་མ་ཟད། ཆ་རྐྱེན་ཚང་བའི་གཏན་ཁེལ་སྨན་རྫས་ཚོང་ཁང་ནས་ཀྱང་ཉོ་སྒྲུབ་བྱ་ཆོག་ཟེར།

མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་སྨན་རྫས་བཀོལ་སྤྱོད་བྱེད་ཚད་ཉུང་བ་དང་། སྡེབ་སྐྱེལ་མ་རྩ་མཐོ་བའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ཧྲན་ཞི་དང་ཀན་སུའུ་སོགས་ཞིང་ཆེན་དང་ལྗོངས14ཡིས་གྲུབ་པའི་ཞིང་ཆེན་རིམ་པའི་ཉོ་སྒྲུབ་མནའ་འབྲེལ་དང་མཉམ་དུ་འབྲས་སྐྲན་འགོག་སྨན་ཉོ་སྒྲུབ་ནང་འདྲེན་གྱི་ཆེད་དོན་ལས་ཀ་བསྒྲུབས་ཤིང་། ཁྱོན་བསྡོམས་སྨན་རྫས47གྱི་གོང་ཚད་གྲོས་བསྡུར་ལེགས་འགྲུབ་བྱུང་ནས་ཆ་སྙོམས་སུ11.3%མར་བཅག་ཡོད་པ་རེད།

གཞན་མཚོ་སྔོན་ཞིང་ཆེན་གྱིས་སྒོ་བསྟེན་དུ་བཀོལ་སྤྱོད་བྱེད་པའི་གཅིན་སྙི་ཟ་ཁུའི་ནད་དང་། ཁྲག་ཤེད་མཐོ་བའི་ནད་ཀྱི་སྨན་རྫས་དག་སྨན་བཅོས་འགན་སྲུང་ནང་བཅུག་ཏེ། ནད་པའི་གསོ་བཅོས་དཀའ་བའི་གནད་དོན་དངོས་ཐག་གཅོད་ལེགས་པོ་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།