མཚོ་སྔོན་སྤྱི་ཕན་རྩ་འཛུགས་ལ་བརྫུས་པའི་མགོ་སྐོར་དོགས་ཡོད་ཉེས་ཅན་ཞིག་རྒྱལ་ཁྲིམས་ལ་ཚུད་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ4ཚེས30ཉིན་གསར་འགོད་པས་ཟི་ལིང་ཉེན་རྟོག་ཕྱོགས་ནས་རྒྱུས་ལོན་བྱུང་པ་ལྟར་ན། ནུབ་མཚོའི་གྲོང་ཁྱེར་ཚགས་པར་ཁང་གིས་ཟླ4ཚེས26ཉིན་སྤེལ་བའི《སེམས་ཆུང་བྱེད་རོགས། མི་ཞིག་མཚོ་སྔོན་སྤྱི་ཕན་རྩ་འཛུགས་ལ་བརྫུས་ཏེ་མགོ་སྐོར་གཏོང་བཞིན་ཡོད》ཅེས་པའི་རྩོམ་ཡིག་ལ་འབྲེལ་བ་ཡོད་པའི་མགོ་སྐོར་གཏོང་མཁན་གྱི་དོགས་ཡོད་ཉེས་ཅན་དེ་རྒྱལ་ཁྲིམས་ལ་ཚུད་པ་རེད།

ཟླ4ཚེས27ཉིན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་ཆེན་གཉིས་པ་ལ་གྱོད་དོན་དེའི་ཁུངས་སྣེ་གསར་རྙེད་བྱུང་བའི་ཁ་པར་ཞིག་འབྱོར་བ་དང་། ཕ་ཡུལ་ཀན་སུའུ་ཞིང་ཆེན་ཀ་ཅི་ཁུལ་ཏ་ཧི་ཅ་གྲོང་རྡལ་གྱི་སྡོད་དམངས་མ་ག་གེ་ལ་བརྩེ་སེམས་སྤྱི་ཕན་རྩ་འཛུགས་སུ་བརྫུས་པ་ཞིག་གིས་ཁ་པར་འབྱོར་བ་དང་། མ་ག་གེ་མོའི་ནད་ཀྱིས་མནར་བའི་བྱིས་པ་ལ་རོགས་སྐྱོར་བྱེད་པར་འགྲིམ་འགྲུལ་རིན་དངུལ་སྤྲོད་རྒྱུར་ཁ་གཡར་ནས། ཁ་པར་ནང་མ་ག་གེ་མོའི་ལག་ནས་སྒོར3720གཡོ་ལེན་བྱས་པ་རེད།

འདི་ལྟ་བུའི་ནད་པ་ལྕི་མོར་མགོ་སྐོར་གཏོང་བ་དམིགས་འབེན་དུ་བཟུང་བའི་གྱོད་དོན་འདིར་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་དང་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གིས་མཐོང་ཆེན་བྱས་ཏེ། དྲ་རྒྱའི་བདེ་འཇགས་ཡན་ལག་རུ་ཁག་གི་རྒྱབ་སྐྱོར་དང་དེ་མིན་ཨ་ལེ་པ་པ་ཚོང་ཚོགས་ཀྱི་རོགས་སྒྲུབ་གང་ཐུབ་འོག ཟླ4ཚེས30ཉིན་གྱི་སྔ་དྲོ། ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་འབྲིང་གཉིས་པས་མི་དམངས་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་གྱི་སྐུ་འབུམ་ལམ་གྱི་ཚའོ་སྡེ་བའི་ཁང་བ་གླས་མ་ཞིག་གི་ནང་ནས་དོགས་ཡོད་ཉེས་ཅན་ཧྥ་ག་གེ་མོ་འཛིན་བཟུང་བྱས་པ་རེད།

འདྲི་གཅོད་བྱས་པ་བརྒྱུད་ཧྥ་ག་གེ་མོ་ཡིས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་ནས་བརྩེ་སེམས་གཡོར་གྲུའི་སྤྱི་ཕན་རྩ་འཛུགས་དང་མགྱོགས་འཕྲིན། འདར་འཕྲིན་སོགས་ཀྱིAPPལས་ནད་པ་ཚབས་ཆེན་ལ་རོགས་སྒྲུབ་བྱེད་དགོས་པ་བཙལ་ནས་མགོ་སྐོར་བཏང་པ་དང་། སྤྱི་ཕན་རྩ་འཛུགས་སུ་བརྫུས་ནས་ཐོག་མར་འགྲིམ་འགྲུལ་རིན་དངུལ་སྤྲོད་པ་སོགས་ཁ་གཡར་ས་རུ་བྱས་ཏེ་མགོ་སྐོར་གཡོ་ལེན་གྱི་བྱེད་ཐབས་གང་མང་ཞིག་ལག་བསྟར་བྱས་པ་རྒྱུས་ལོན་བྱུང་པ་རེད། ད་ལྟ་དོགས་ཡོད་ཉེས་ཅན་ཧྥ་ག་གེ་མོ་ཡིས་མགོ་སྐོར་གྱོད་དོན་རིགས་མི་འདྲ་བ30ལྷག་སྤེལ་བ་དང་མ་དངུལ་སྒོར་འབུམ3ལྷག་གཡོ་ལེན་བྱས་ཡོད་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་གསལ་འདེབས་བྱེད་རྒྱུར། གལ་ཏེ་འདི་ལྟ་བུའི་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་འཕྲད་པ་ན་དུས་ལྟར་ཉེན་རྟོག་ཕྱོགས་ལ་གྱོད་དོན་ཡར་ཞུ་བྱེད་དགོས་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།