“ལྔ་གཅིག”གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་ཤེས་རིག་ཡུལ་སྐོར་ཐོན་ལས་ཀྱིས་ཁྲོམ་རའི་མཁོ་འདོན་བརྟན་འཇགས་སུ་བཏང་པ་མ་ཟད། གོ་རིམ་ལྡན་པའི་སྒོ་ནས་ཡུལ་སྐོར་འགྲུལ་བ་མི་གྲངས་ཁྲི150སྣེ་ལེན་བྱས་ཤིང་། ཡོང་འབབ་སྒོར་དུང་ཕྱུར10ལྷག་ལ་བུད་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ5ཚེས5ཉིན་གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་པ་ལྟར་ན། “ལྔ་གཅིག”གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་མཁོ་སྤྲོད་འདང་ཚོད་སྒོས་ཚོང་རའི་བརྟན་འཇགས་གོ་རིམ་ཅན་ཏུ་བཏང་སྟེ། མང་ཚོགས་ཀྱི་མི་མངོན་པའི་འཛད་སྤྱོད་ཚད་གཞི་སྔར་ལས་གོམ་གང་མདུན་སྤོས་སྒོས་ཕྱིར་འདོན་བྱས་ཤིང་། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་འགྲུལ་བ་མི་གྲངས་ཁྲི150ལ་སྣེ་ལེན་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར10ལྷག་མངོན་འགྱུར་བྱས་ཡོད།

དེ་ཡང་རང་ཞིང་གི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་ཕྱོགས་བསྡུས་ཚད་ལེན་སྔོན་རྩིས་བྱས་པ་བརྒྱུད། ད་ལོའི“ལྔ་གཅིག”གུང་གསེང་ནི་ལྟོས་བཅོས་ཀྱིས་ཅུང་རིང་ལ། རྒྱ་ཆེའི་མང་ཚོགས་ཀྱིས་གུང་གསེང་ལ་རེ་ལྟོས་བྱེད་པའི་ཆ་ཡང་ཧ་ཅང་ཆེ། རང་ཉིད་ཀྱིས་རླངས་འཁོར་སྐོར་བ་དང་ཉེ་འཁོར་གྱི་ཞིང་གྲོང་དུ་ཡུལ་སྐོར་ལ་འགྲོ་བ། སྤྱི་གླིང་དུ་འགྲོ་འོངས་བྱེད་པ་སོགས་ལམ་ཐག་ཐུང་ངུའི་ཡུལ་སྐོར་བྱེད་ཐབས་དེ་ནི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་སྲོག་ཤིང་གཙོ་བོར་གྱུར་ཡོད། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཁམས་གཡེང་། གསོལ་ཚིགས། ཞིང་སྡེ་སོགས་ཀྱི་འཛད་སྤྱོད་དེའི་སྒོ་གླེགས་ཕྱེས། སྲོལ་རྒྱུན་གྱི་མཛེས་ལྗོངས་ལ་ཡུལ་སྐོར་བྱེད་པ་དེ་སྔར་བཞིན་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་འགྲུལ་བའི་དམིགས་འབེན་ཐོག་མ་རུ་གྱུར་ཡོད། ཟི་ལིང་ཉེ་འཁོར་དུ་ལམ་ཐག་ཐུང་ངུའི་རིང་ལ་ཡུལ་སྐོར་བྱེད་པ་དེ་ནི་ཞིང་ཆེན་ནང་ཁུལ་གྱི་འགྲུལ་བའི་དམིགས་འབེན་གཙོ་བོར་གྱུར་ཡོད། རི་གྲོང་མྱུལ་བ་དང་མཚེའུ་འགྲིམས་པ། མོའུ་རོང་གནའ་མཁར། ཙུང་ཅ་གྲོག་རོང་བཅས་ནི་དམིགས་འབེན་ས་ཁུལ་གཙོ་བོར་གྱུར་ཡོད། ཞིང་ཆེན་ཡོངས་སུ་ལྟ་ཞིབ་ཚད་ལེན་བྱེད་པའི་ཞིང་སྡེའི་རིག་གནས་ཡུལ་སྐོར་གྱི་དཔེ་སྟོན་ས་ཁུལ་མི་འདྲ་བ4ཡོད་ལ། དེ་དག་གིས་ཡུལ་སྐོར་འགྲུལ་བ་མི་གྲངས་ཁྲི9.17ལ་སྣེ་ལེན་བྱས་ཤིང་། རིག་གནས་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི211.6མངོན་འགྱུར་བྱས་ཡོད། དེ་ལས་གཞན་གུང་གསེང་གི་སྐབས་སུ་ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་གིས་ཐིའུ་བཀླུབས་མེ་ཏོག་རྐང་ཁྲི25ཕྱིར་འགྲེམས་བྱས་ཏེ། རྒྱ་ཆེའི་ཡུལ་སྐོར་བ་དག་གིས་མེ་ཏོག་གི་མཛེས་སྡུག་ལ་རོལ་མྱོང་བྱས་པ་རེད། ཁྱོན་བསྡོམས་ཡུལ་སྐོར་འགྲུལ་བ་མི་གྲངས་ཁྲི50ལ་སྣེ་ལེན་བྱས། དེ་ཡང་ཟླ5ཚེས2ཉིན་ཁོ་ནར་ཡུལ་སྐོར་འགྲུལ་བ་མི་གྲངས་ཁྲི24.3ལ་སྣེ་ལེན་བྱས་ཡོད།

“ལྔ་གཅིག”གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་ལ་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཅི་ཡང་མ་བྱུང་བས། ཡུལ་སྐོར་སྒྲིག་སྲོལ་དེ་ཧ་ཅང་ལེགས་པ་རེད། ཤེས་རིག་ལ་བརྟེན་ནས་རང་གི་འགྲོ་འདུག་ལ་མཉམ་འཇོག་བྱེད་པ་དེ་ཐུན་མོང་གི་ངོས་འཛིན་གསར་བ་རུ་གྱུར་ནས། ཤེས་རིག་ཡུལ་སྐོར་གྱི་མཁའ་དབུགས་གསར་བ་ཞིག་ཆགས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།