ཞིང་ཆེན་ཡོངས་སུ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་སྲོལ་ལ་ཆེད་དོན་གཙང་སེལ་དག་ཐེར་བྱེད་པའི་ཁྲིམས་འཛིན་བྱ་འགུལ་བདེ་བླག་ངང་སྤེལ་པ་ཡོངས་འགྲུབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱས་པ་ལྟར་ན། རང་ཞིང་གིས་ད་ལོའི་ཟླ3ཚེས28ཉིན་ནས་ཟླ4ཚེས26ཉིན་བར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྲིམས་འགལ་གྱིས་བཟོ་ལས་སྒྲུབ་པ་དང་ཁྲིམས་འགལ་གྱིས་ལས་རིགས་བར་ཁེ་ལེན་པ། ངལ་རྩོལ་ལས་དོན་མངགས་སྒྱུར། དེ་མིན་ལས་བཟོ་པ་བསྡུ་ལེན་བཅས་ལ་ཁ་གཡར་ནས་ཚུལ་མིན་གྱི་ཁེ་སྤོགས་ལེན་པ་སོགས་གཙོ་བོར་བཟུང་སྟེ། གཙང་སེལ་དག་ཐེར་གྱིས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་སྲོལ་ལ་ཆེད་དོན་གཙང་སེལ་དག་ཐེར་གྱི་ཁྲིམས་འཛིན་བྱ་འགུལ་སྤེལ་འགོ་ཚུགས་ཡོད།

ཐེངས་འདིའི་ཆེད་དོན་ཁྲིམས་འཛིན་བྱ་འགུལ་ཁྲོད་ཞིང་ཆེན་ཡོངས་ཀྱིས་མི་གྲངས824སྐུལ་སློང་བྱས་ཏེ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་འཛུགས129དང་མི་བཀོལ་ལས་ཁུངས1034ལ་ཞིབ་བཤེར་བྱས་ནས། ཆོག་མཆན་དཔང་ཡིག་དང་ཐོ་འགོད་ཡི་གེ་ཅི་ཡང་མེད་པར་རང་སྣང་གང་འདོད་ཀྱིས་ལས་རིགས་བར་ཁེ་ལེན་པའི་བྱེད་སྒོ་སྤེལ་པའི་རྩ་འཛུགས་དང་མི་སྒེར2རྩད་ཆོད་བྱུང་ཡོད། ཞིབ་བཤེར་བྱས་པ་བརྒྱུད་ངལ་རྩོལ་མཁན་གྱི་ཐོབ་ཐང་ལག་འཁྱེར་དང་དེ་ལས་གཞན་པའི་དཔང་ཡིག དེ་མིན་ངལ་རྩོལ་མཁན་གྱི་ལག་ནས་གཏའ་མའི་དངུལ་ལེན་པ་སོགས་ཀྱི་གྱོད་དོན་རིགས་གཅིག་ཡོད་པས། ངལ་རྩོལ་མཁན་གྱི་གཏའ་དངུལ་དང་དེ་ལས་གཞན་པའི་འགྲོ་སོང་སྒོར་ཁྲི0.7གྱིས་སྐྱིན་ཚབས་སྤྲོད་པའི་བཀའ་ཡིག་བཏང་། བྱ་འགུལ་དེའི་གནད་གཙོ་བོ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་ཡིན་ལ། གནས་དེའི་མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནད་དོན་ཅུང་མང་ཞིང་། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་འཛུགས་ཀྱིས་ལྟ་སྐུལ་སློབ་སྟོན་ཞིབ་བཤེར་བྱས་ནས། གསར་རྙེད་བྱུང་པའི་གནད་དོན་ལ་དུས་ལྟར་ཡུལ་དངོས་ནས་ཡོ་བསྲང་བྱེད་དུ་བཅུག་པ་དང་། བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་གཏན་འགོག་གང་ཐུབ་བྱས་ཡོད།ལས་རིགས་བར་ཁེ་ཁྱབ་ཁོངས་བྱ་འགུལ་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཇེ་ཉུང་དུ་གཏོང་གང་ཐུབ་བྱས། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་འཛུགས་ཀྱིས་ལས་ཞུགས་ཀྱི་ཐོབ་ཐང་དང་ནང་ཁུལ་གྱི་སྒྲིག་སྲོལ། རིན་དངུལ་བསྡུ་ལེན་བྱེད་པའི་ཚད་གཞིའི་གནས་ཚུལ་སོགས་སྒྲིག་སྲོལ་ཅན་ཏུ་བཏང་ཡོད།

“དཔྱིད་རླུང་ལས་བསྡུའི”ཆེད་དོན་ལས་བསྡུའི་གྲོས་ཚོགས་ལ་ཟུང་འབྲེལ་སྒོས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་བདག་དོམ་ཅུའུ་གཉིས་ཀྱིས་གཅིག་གྱུར་གྱི་བྱ་འགུལ་སྤེལ་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།