སང་ཉིན་ནས་བཟུང། མཚོ་སྔོན་པས་སྒོར་མོ་འདི་དག་གྲོན་ཆུང་བྱ་ཐུབ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ4པའི་ཚེས29ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏང་ཆེད། ཉེ་སྔོན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《མཚོ་སྔོན་གྱི་སྤྱི་ཚོགས་འགན་སྲུང་མ་དངུལ་ཚད་གཞི་ཇེ་དམའ་རུ་གཏང་བའི་ཕྱོགས་བསྡུས་ལག་བསྟར་ཇུས་གཞི》(ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང〔2019〕ཨང་རྟགས56། (གཤམ་ནས《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ།2019ལོའི་ཟླ5པའི་ཚེས1ཉིན་ནས་བཟུང《ལག་བསྟར་ཇུས་གཞི》ལག་བསྟར་བྱ་རྒྱུ་རེད།

ཞིབ་ཕྲའི་ནང་དོན་གཤམ་གསལ་ལྟར།

2019ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ནས་མཁར་གྲོང་ལས་བཟོ་པའི་མ་མཐའི་རྒན་གསོའི་འགན་སྲུང་མ་དངུལ་ལས་ཁུངས་ཀྱིས་སྤྲོད་ཚད་གཅིག་གྱུར་སྒོས་ཇེ་དམའ་རུ་བཏང་སྟེ། ད་སྔའི20%ནས16%ལ་ཇེ་དམའ་རུ་གཏང་རྒྱུ་རེད། (ཁེ་ལས་དང་དོན་ལས་ལས་ཁུངས་ཡང་འདུ།)

2019ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་། ལས་ཤོར་འགན་སྲུང་དངུལ་དང་ལས་རྐང་དུ་རྨས་སྐྱོན་བཟོས་པའི་འགན་སྲུང་དངུལ་གྱི་དུས་ཡུན2020ལོའི་ཟླ4པའི་ཚེས30ཉིན་བར་ཇེ་རིང་ལ་གཏང་རྒྱུ་རེད།

2019ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་སྒེར་གཉེར་མ་ཡིན་པའི་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་ཆ་སྙོམས་ཀྱི་གླ་ཕོགས་དང་མཁར་གྲོང་གི་སྒེར་གཉེར་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས། མཁར་གྲོང་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་ཆ་སྙོམས་ཀྱི་གླ་ཕོགས།སྤྱི་ཚོགས་འགན་སྲུང་མ་དངུལ་སྒེར་གྱིས་སྤྲོད་པའི་གཞི་རྩའི་སྟེང་གཏན་འབེབས་བྱས་ཏེ། འགན་ཞུགས་མི་སྣ་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་སྲུང་མ་དངུལ་སྤྲོད་ཚད་ལུགས་མཐུན་སྒོས་ཇེ་དམའ་རུ་གཏང་རྒྱུ་རེད།

2019ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་། སྒེར་གཉེར་བཟོ་ཚོང་ཁང་དང་ལས་ཞུགས་འཇོན་མིའི་གྲོན་དངུལ་གྱི་གཞི་རྩའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ལས་ཁུངས་ཀྱི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས་ཀྱི60%ནས300%བར་དུ་གདམ་གསེས་བྱས་ནས་སྤྲད་ཆོག

ཁེ་ལས་ཀྱི་ལས་བཟོ་པའི་མ་མཐའི་རྒན་གསོའི་འགན་སྲུང་མ་དངུལ་ཞིང་ཆེན་རིམ་པས་གཅིག་འགྱུར་སྒོས་ལག་བསྟར་བྱེད་པ་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་མ་རྩའི་ཆད་ལྷག་གི་འགན་འཁྲིའི་སྒྲིག་གཞི་དང་དཔྱད་ཞིབ་བྱ་དགའི་སྒྲིག་གཞི་འཛུགས་རྒྱུ་རེད།

རྒན་གསོའི་འགན་སྲུང་མ་དངུལ་གྱི་ཀྲུང་དབྱང་གི་ལེགས་སྒྲིག་ལམ་ལུགས་དོན་འཁྱོལ་བྱས་ཏེ། དུས་ལྟར་མ་རྩའི་སྟེང་ཐག་གཅོད་བྱེད་ཐུབ་པར་འགན་ལེན་བྱ་རྒྱུ་མ་ཟད། ཀྲུང་དབྱང་གི་ལེགས་སྒྲིག་མ་དངུལ་ཐད་ཀྱི་ལས་དོན་ལེགས་པོར་བསྒྲུབ་རྒྱུ་རེད།

སྤྱི་ཚོགས་འགན་སྲུང་མ་དངུལ་སྤྲོད་པའི་བྱེད་སྟངས་ཇེ་བརྟན་དུ་བཏང་སྟེ། བསྡུ་ལེན་བྱ་བ་རིམ་ལྡན་སྒོས་སྦྲེལ་ཐུབ་པར་འགན་ལེན་བྱ་རྒྱུ་རེད།

རྩ་འཛུགས་དང་ལག་བསྟར་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།