དམངས་གཉེར་ཁེ་ལས་ཀྱིས་ལས་བསྡུ་དང་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཚོང་གཏམ་གྲོས་ཚོགས་བསྡུས་པ།

— ཞིང་ཆེན་ཕྱི་ནང་གི་ཁེ་ལས་དོན་ལས་ལས་ཁུངས400ལྷག་གིས་ལས་རྐང་མི་འདྲ་པ9620འདོན་སྤྲོད་བྱས་ཡོད།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ4ཚེས27ཉིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ། ཞིང་ཆེན་གུང་གཞོན་ཏང་ཨུ་བཅས་ལ་མཉམ་འབྲེལ་སྒོས2019ལོའི་མཚོ་སྔོན་ཞིང་ཆེན་གྱི“དམངས་གཉེར་ཁེ་ལས་ཀྱིས་ལས་བསྡུ་དང་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཚོང་གཏམ་གྲོས་ཚོགས”ཏེ། ཞིང་ཆེན་རིམ་པའི་ཆེད་དོན་ལས་བསྡུའི་གྲོས་ཚོགས་དེ་ཟི་ལིང་གྲོང་ཁྱེར་གྱི་ཞིན་ཉིན་ཐང་ཆེན་དུ་སྤེལ་པ་རེད།

ཐེངས་འདིའི་བྱ་འགུལ་ལ་ཞིང་ཆེན་ཕྱི་ནང་གི་ཁེ་ལས་ལས་ཁུངས་མི་འདྲ་པ400ལྷག་ཟབ་ཞུགས་བྱས་ཤིང་། རང་ཞིང་གི་དམངས་གཉེར་ཁེ་ལས་ཀྱི་རྐང་འཛིན་ཆེ་གྲས་དང་ལས་བཟོ་པ་འབོར་ཆེན་དགོས་པའི་ནུས་ཁུངས་གསར་པའི་ཁེ་ལས། ཁོར་ཡུག་སྲུང་སྐྱོབ་ཁེ་ལས། ཁེ་ལས་ཆུང་འབྲིང་བཅས་ཀྱིས་ལས་རྐང་མི་འདྲ་པ9620འདོན་སྤྲོད་བྱས་ཤིང་། ཕལ་ཆེར་མི་གྲངས་ཁྲི་གཅིག་ལ་ཉེ་བ་ལྷག་ཐེངས་འདིའི་ལས་བསྡུའི་གྲོས་ཚོགས་ལ་ཞུགས་པ་དང་ཉིན་དེར་མི་གྲངས2276གི་ལས་ཞུགས་འདོད་མོས་མངོན་འགྱུར་བྱུང་པ་མ་ཟད། གྲོས་མཐུན་གན་རྒྱ་ཡང་བཞག་ཟིན།

2019ལོར་མཚོ་སྔོན་ཞིང་ཆེན་གྱི“དམངས་གཉེར་ཁེ་ལས་ལས་བསྡུའི”རིམ་བསྟར་བྱ་འགུལ་དེ་ནི“ལས་ཞུགས་རོགས་སྒྲུབ་བྱ་འགུལ”གྱི་རྗེས་མཐུད་ཡིན་ལ། “དཔྱིད་རླུང་བྱ་འགུལ”གྱི་ཆེད་དོན་བྱ་འགུལ་དེའི་རྗེས་ནས་རང་ཞིང་གིས་སྤེལ་བའི་དམངས་ཕན་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིའི་བྱ་འགུལ་གྱིས“ལས་ཞུགས་སྲིད་ཇུས་ཀྱིས་དམངས་དང་ཁེ་ལས་ལ་ཕན་ཁེ་བསྐྲུན་པ། ལས་ཞུགས་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ”བརྗོད་དོན་དུ་བཟུང་ཡོད། འདི་ནི་རང་ཞིང་གིས་འཕྲོ་རིམ་འཕྲོར་སྤེལ་མྱོང་བའི“དམངས་གཉེར་ཁེ་ལས་ལས་བསྡུའི”རིམ་བསྟར་བྱ་འགུལ་ཐེངས14པ་ཡིན་ཞིང་། ཞིང་ཕྱུགས་ལས་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལས་སྒྱུར་ལ་སྐུལ་འདེད་གཏོང་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བརྟན་འཇགས་ནས་རྒྱ་སྐྱེད་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ནུས་ལ་སྐུལ་འདེད་བཏང་ཡོད།

ཐེངས་འདིའི་བྱ་འགུལ་གྱིས་དབང་པོ་སྐྱོན་ཅན་ལ་རོགས་སྒྲུབ་བྱེད་པའི་ཁེ་ལས་མི་འདྲ་བ6གདན་འདྲེན་ཞུས་སྟེ། དབང་པོ་སྐྱོན་ཅན་གྱིལས་རྐང་གསར་པ58ལ་ལས་ཞུགས་ལས་བསྡུའི་བྱ་འགུལ་སྤེལ་ནས། དབང་པོ་སྐྱོན་ཅན་མི་སྣའི་ལས་ཞུགས་རོགས་སྒྲུབ་ནུས་ཚད་ཆེས་ཆེར་བཏང་། དེ་དང་ཆབས་ཅིག་ཤར་ནུབ་དབུལ་སྐྱོར་གྲོས་མཐུན་དང་མི་གྲངས་ཁ་གཏད་རོགས་སྐྱོར་སྒྲིག་གཞི་ལྟར། ཅང་སུའུ་ཞིང་ཆེན་གྱི་ནན་ཅིན་དང་ཝུའུ་དབྱིས་སོགས་ཀྱི་ལས་ཞུགས་གསར་འཛུགས་ལ་འབྲེལ་བ་བྱས་ཏེ། ཞིང་ཆེན་གཞན་པའི་ཁེ་ལས37ལྷག་ལས་ལས་རྐང་མི་འདྲ་པ3390ལས་བསྡུ་བྱེད་པའི་གནས་ཚུལ་ཡང་འདོན་སྤྲོད་བྱས་ཡོད། ལས་བསྡུའི་ཡུལ་དངོས་སུ་ལས་བསྡུའི་འཐུས་ཚབ་ཞབས་ཞུ་སྤེལ་ནས། རང་ཞིང་གི་ལས་རིགས་ལས་བསྡུ་མི་འདྲ་བ་སོ་སོའི་ཁ་ཕྱོགས་དེ་ཞིང་ཆེན་ནང་ཁུལ་ནས་རིམ་བཞིན་ཞིང་ཆེན་གཞན་ལ་ཁ་ཕྱོགས་འགོ་ཚུགས་པ་རེད།

ཐེངས་འདིའི་ལས་བསྡུའི་གྲོས་ཚོགས་ལ་ཟབ་ཞུགས་བྱས་པའི་ཁེ་ལས་དང་ལས་རྐང་ལ་བལྟས་འོངས་ན། ཞིང་ཕྱུགས་དང་གཏེར་ཁུངས། ནུས་ཁུངས་གསར་པ། ཉོ་འཚོང་། སྨན་རྫས། ཁང་སའི་ཐོན་ལས། དངོས་ཟོང་། སློབ་གསོ། ITསོགས་ལས་རིགས་མི་འདྲ་པ་མང་པོ་ཞིག་ཡོད་ལ། རིགས་མི་འདྲ་པ་སོ་སོས་ལས་བསྡུ་མཁན་ལ་འཕྲུལ་ཆས་དང་ཚོང་གཉེར། ལག་རྩལ། ཁེ་ལས་ཆེ་འབྲིང་རིམ་པའི་བདག་དོམ། ནོར་དོན། བརྙན་གཟུགས་གསར་བཟོ། གློག་རྡུལ་ཚོང་དོན་སོགས་ཀྱི་ལས་རྐང་མི་འདྲ་པ་མང་པོ་ཞིག་བདམ་གསེས་བྱེད་དུ་བཅུག་ཡོད།

མཚོ་སྔོན་མེན་ཙེ་ལུང་གཡང་འགག་གི་སྐྱེ་ཁམས་ཆུ་བེད་གསོ་སྤེལ་ཚད་ཡོད་ཀུང་ཟིའི་འབྲེལ་ཡོད་ལས་བྱེད་མི་སྣས་བཤད་རྒྱུར། ང་ཚོའི་ཁེ་ལས་ཀྱིས་སྐྱེ་དངོས་ལག་རྩལ་ཆེད་ལས་ཀྱི་ལས་རྐང་དགོས་མཁོ་ཧ་ཅང་ཆེ་ཞིང་། འབྲེལ་ཡོད་ཆེད་ལས་ཀྱི་སློབ་མཐར་ཕྱིན་པའི་སློབ་མ་ང་ཚོའི་ཀུང་ཟི་ལ་ཟབ་ཞུགས་བྱེད་པར་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།