འཇུ་མི་ཕམ་རིན་པོ་ཆེའི་བཀའ་འབུམ་འགྲེམ་སྤེལ་བྱ་བའི་བརྡ་སྦྱོར།


རྩོམ་སྒྲིག་པའི་གཏམ།

ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོའི་མཁན་བསོད་ནམས་བསྟན་པ་མཆོག་དང་མཁན་བྱང་ཆུབ་རྒྱ་མཚོ་སོགས་ཀྱིས་ལྷག་བསམ་དག་པས་སྒྲིག་སྦྱོར་དང་དག་ཞུས་མཛད་པའི་འཇམ་མགོན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་གསུང་འབུམ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་དུ་སྒྲིག་ཞུས་ལེགས་འགྲུབ་བྱུང་ནས། ལོ་འདིའི་ནང་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱ་འཆར་ཡིན།

སྤྱིར་མི་ཕམ་བཀའ་འབུམ་འཚོལ་བསྡུ་དང་། སྒྲིག་ཞུས། པར་སྐྲུན་འགྲེམ་སྤེལ་བཅས་ལ་ཕྱོགས་མང་མཉམ་རུབ་ཀྱིས་རྒྱུ་ཚེགས་གང་གི་ཆ་ནས་གཙིགས་ཆེན་མཛད་བཞིན་ཡོད་པར་ངེས་ཀྱང་། འདིར་ཅིས་ཀྱང་གསལ་བཤད་འོས་པ་ཞིག་ལ་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་སྡེ་སྣོད་འཛིན་པའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་ཁོང་རྣམ་པས་འཚོལ་བསྡུ་བྱེད་སྐབས། ཕྱག་དཔེ་ཆོས་ཚན་བཞི་བཅུ་ཞེ་གསུམ་པོད་གཅིག་ལྷག་ལ་ལོངས་པ་ཞིག་གསར་དུ་རྙེད་ཡོད་པ་དང་། གཏེར་མཛོད་སོགས་སུ་བཞུགས་པ་རྩ་གསུམ་དྲིལ་སྒྲུབ་ཟིན་བྲིས་ནོར་བུའི་འོད་ཟེར་དང་། པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་མདོར་བསྡུས་སུ་བཤད་པ་ཨུཏྤལ་དམར་པོའི་ཕྲེང་བ་སོགས་ཆོས་ཚན་བཅུ་ལྷག་ཙམ་ཡང་འདིར་བསྡུས་ནས་བཀའ་འབུམ་ཁྲོད་དུ་གསབ་ཡོད། རྩ་གསུམ་བསྙེན་དམིགས། བེའུ་བུམ་ལྡེ་མིག་སོགས་བཀའ་གཉན་པས་བཀའ་རྒྱ་མ་འཁྲོལ་པས་འཇོག་མེད།

ད་ཐེངས་སྒྲིག་ཞུས་ཀྱི་ཐད་ལ་མཁན་སྤྲུལ་དྲུག་ཅུ་ཙམ་གྱིས་འབྲུ་དེད་གཅིག་དང་ཤར་འདོན་གཅིག་བཅས་སྔ་ཕྱི་གཉིས་ལ་ཞུ་དག་ཐེངས་བཅུ་ལྷག་ཙམ་མཛད་ཡོད་ལ། ནོར་གོལ་དང་ཆད་ལྷག་ཅུང་ཙམ་ཡང་མེད་ཅེས་ཁ་ཚོན་གཅོད་མི་ཐུབ་པ་ནི་སྒྲིག་ཞུས་པ་དག་གི་མཁྱེན་གསལ་ལྟར་རེད་མོད། ཡིན་ནའང་ད་སྔོན་བཏོན་ཟིན་པའི་དཔེ་གཟུགས་དེབ་གཟུགས་གཉིས་ཆར་ལས་ལྷག་པ་ཞིག་རེད་ཡོད་ཅེས་སྨྲ་བར་སྤོབས་སོ།།ཅེས་རྩོམ་སྒྲིག་པས་སོ། །

དཔེ་འཕྲིན།

༄༅། །རྒྱ་ཆེའི་ཀློག་པ་པོ་རྣམ་པ་ལགས།

གལ་སྲིད་སྐུ་ཉིད་ནས་གངས་ཅན་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་གསུང་ལ་མཇལ་འདོད་ཡོད་ཚེ།༼འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་མཆོག་གི་བཀའ་འབུམ།༽ཉེ་ཆར་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱ་འཆར་ཡོད་པས། སྐུ་ཉིད་ཀྱིས་རྩོམ་སྒྲིག་པ་པདྨ་ཚུལ་ཁྲིམས་དང་བཀྲ་ཤིས་སམ། ཡང་ན་འགྲེམ་སྤེལ་བ་ཕྱུག་ལྷ་ལ་འབྲེལ་གཏུག་གནང་དང་། སིལ་བླུ་དང་སྡེབ་བླུ་གང་ལའང་འཛུམ་མདངས་དཀར་པོའི་བསུ་མ་ཡོད་ལ། དཔེ་སྐྲུན་མ་བྱེད་པའི་སྔོན་ནས་དཔར་གྲངས་མང་ཉུང་ཚོད་འཛིན་དང་། འགྲེམ་སྤེལ་བྱ་ཡུལ་སོགས་ལ་རྒྱུས་ལོན་བྱ་ཆེད་ཆེད་དུ་བརྡ་འདི་ཕུལ་བ་ཡིན།

ཨང་གྲངས། 028-87734185  འབྲེལ་གཏུག་བྱེད་ས།   པདྨ་ཚུལ་ཁྲིམས།  བཀྲ་ཤིས།   ཕྱུག་ལྷ།

ས་གནས།

ཁྲེན་ཏུའུ་གྲོང་ཁྱེར་ལས་བཀུར་ལམ་སྒོ་རྟགས་ཨང༡༠༨པ།

成都市青羊区敬业路108号