དཀར་མཛེས་ནས་བཙན་པོའི་དུས་སྐབས་ཀྱི་རིག་དངོས་ཤིག་གསར་དུ་རྙེད་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རིག་གནས་དང་རིག་དངོས་གཙོ་སྐྱོང་སྡེ་ཁག་གིས་དཀར་མཛེས་རྫོང་དུ་ལས་དོན་རྟོག་ཞིབ་གནང་སྐབས། དཀར་མཛེས་རྫོང་རོང་པ་ཚའི་མཁར་སྒང་ཤང་གི་ཁོངས་སུ་ཐང་བོད་སྐབས་ཀྱི་རྡོ་བརྐོས་བོད་ཀྱི་མིག་མངས་ཤིག་གསར་རྙེད་བྱུང་འདུག

ཐེངས་འདིར་གསར་རྙེད་བྱུང་བའི་ཐང་བོད་དུས་སྐབས་ཀྱི་བོད་ལུགས་རྡོ་བརྐོས་མིག་མངས་དེ་དཀར་མཛེས་རྫོང་མཁར་ནས་སྤྱི་ལེ་30ཙམ་གྱིས་ཆོད་ཅིང་། དཀར་མཛེས་རྫོང་ནས་སྡེ་དགེ་རྫོང་དུ་འགྲོ་སའི་རྒྱལ་ལམ་317གྱི་ལམ་རྒྱུད་དུ་གནས་པའི་མཁར་སྒང་ཤང་དུ་ཡོད་ལ། རྡོ་བརྐོས་མིག་མངས་འདི་གཞུང་ལམ་འགྲམ་གྱི་ཧ་ལམ་སྨི་500ཡི་མཚམས་སུ་གནས་པའི་རང་བྱུང་ཆུ་ཚན་ཞིག་གི་ཉེ་འདབས་ནས་རྙེད་ཡོད། འདི་ནི་ལྗིད་ཚད་ལ་ཏུན་གཉིས་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1.5ཙམ་ཡོད་པའི་འཛེང་རྡོ་ཕ་བོང་ཞིག་གི་ངོས་ལ་བརྐོས་ཡོད་པ་དང་། མིག་མངས་དེ་འཕྲེད་ཐིག་དང་གཞུང་ཐིག་བཅུ་རེ་ཕན་ཚུན་སྣོལ་སྡེབ་ལས་གྲལ་འགྲིག་ཅིང་ཆེ་ཆུང་ལ་ལི་སྨི་2.5ཡོད་པའི་དྲ་མིག་གིས་གྲུབ་པ་དང་། དེའི་གཡས་གཡོན་ཟུར་གཉིས་ལ་རྡེའུ་འཇོག་སའི་སྒོར་དབྱིབས་ཀྱི་རྡོ་ཁུང་ཡང་བརྐོས་འདུག

རྒྱུས་ལོན་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་རིག་གནས་དང་རིག་དངོས་སྡེ་ཁག་གིས་ཐེངས་འདིར་གསར་རྙེད་བྱུང་བའི་མིག་མངས་ནི་དཀར་མཛེས་ཁུལ་ནས་གསར་དུ་རྙེད་པའི་ཐང་བོད་དུས་སྐབས་ཀྱི་བོད་ལུགས་མིག་མངས་དང་པོ་དེ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཕུད་པའི་བོད་རིགས་ས་ཁུལ་གཞན་པ་ནས་རྙེད་པའི་གནའ་བོའི་རྡོ་བརྐོས་བོད་ལུགས་མིག་མངས་ཐོག་མ་དེའང་ཡིན་ཏེ། དེར་ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཡོད་པ་རེད།

རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་ཞིག་ཡིན་པའི་ཆ་ནས། དཀར་མཛེས་ཁུལ་དང་རྫོང་གི་རིམ་པ་ཁག་གིས་རིག་དངོས་གཙོ་སྐྱོང་སྡེ་ཁག་གིས་རྡོ་བརྐོས་རིག་དངོས་དེར་སྲུང་སྐྱོབ་དང་དོ་དམ་ནུས་ལྡན་བྱེད་པ་དང་ཆབས་གཅིག ད་དུང་རིག་གནས་དངོས་རྫས་ཀྱི་དཔྱད་རྫས་གལ་ཆེན་དུ་རྩིས་ནས་འབྲེལ་ཡོད་ཆེད་ལས་དང་རིག་གནས་ཞིབ་འཇུག་ལས་ཁུངས། རིགས་གཅིག་མཁས་པ་བཅས་ཀྱིས་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་། རིག་གནས་ཀྱི་རྣམ་པ་དང་སྤེལ་རེས། འཕོ་འགྱུར། དེ་བཞིན་རྒྱུན་འཛིན་དང་གོང་འཕེལ་སོགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་གསར་དུ་རྙེད་པའི་རྡོ་བརྐོས་མིག་མངས་ཀྱི་ཆེ་ཆུང་དང་རྐོས་རྩལ། ཐིག་རིས། རྣམ་པ་སོགས་དེ་སྔོན་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ནས་གསར་རྙེད་བྱུང་བའི་རྡོ་བརྐོས་མིག་མངས་དང་འདྲ་ཆ་དུ་མ་ལྡན་པ་དང་། འབྲེལ་ཡོད་ཆེད་མཁས་པས་ཚད་བསྡུར་བྱས་རྗེས་ཀྱི་ཐོག་མའི་སྔོན་དཔག་ལྟར་ན། ད་ཐེངས་གསར་དུ་རྙེད་པའི་རྡོ་བརྐོས་མིག་མངས་འདི་ནི་བོད་ལྗོངས་མལ་གྲོ་གུང་དཀར་ནས་གསར་རྙེད་བྱུང་བའི་རྡོ་བརྐོས་མིག་མངས་དང་འདྲ་སྟེ། གཉིས་ཀ་ཐང་རྒྱལ་རབས་དང་བོད་བཙན་པོའི་དུས་སྐབས་ཀྱི་བོད་ཀྱི་མིག་མངས་ཡིན་པ་རེད།

རིག་དངོས་རྙེད་སའི་མཁར་སྒང་ཤང་།

གཞན་ཡང་བོད་ཀྱི་དཔྱད་གཞི་ཡིག་ཆ་ལས་གསལ་བར། མིག་མངས་ནི་བོད་དུ་གནའ་རབས་ནས་དར་བའི་རྩེད་མོའི་རིགས་ཤིག་སྟེ། རྡེའུ་དཀར་ནག་གཉིས་སུ་བགོས་ནས། རང་ཕྱོགས་ཀྱི་རྡེའུ་ཡིས་གཞན་ཕྱོགས་ཀྱི་རྡེའུ་ལ་མཐའ་བསྐོར་ནས་ཕམ་པར་བཟོ་བའི་རྕེད་མོ་ཞིག་ཡིན། ཏུན་ཧོང་ནས་ཐོན་པའི་གནའ་རབས་བོད་ཡིག་གི་ལོ་རྒྱུས་ནང་འཁོད་པར་གཞིགས་ན། བཙན་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རིའི་བློན་པོ་ཁྱུང་པོ་སྤུངས་སད་ཟུ་ཙེ་ཞུ་བ་དེས་ལག་པ་གཡས་ཀྱིས་མིག་མངས་རྩེ་བ་དང་ལག་པ་གཡོན་པས་རྩིས་ཐོ་འགོད་པར་གྲགས་ཤིང་། བོད་ཡུལ་དུ་མིང་གྲགས་ཅན་གྱི་མིག་མངས་མཁས་ཅན་ཡིན་པར་གསུངས་ཡོད། བོད་ཁམས་ཀྱི་ཡུལ་ལུང་ལ་ལར་འགྲིག་ཅེས་ཀྱང་འབོད་སྲོལ་ཡོད། ད་ཐེངས་དཀར་མཛེས་རྫོང་ནས་གསར་རྙེད་བྱུང་བའི་རྡོ་བརྐོས་མིག་མངས་འདི་གསར་རྙེད་མ་བྱུང་གོང་། གཞིས་རྩེའི་གཉའ་ནང་དང་། མངའ་རིས་ཀྱི་ས་ཆ་འགའ་རེ། དེ་བཞིན་ལྷ་སའི་མལ་གྲོ་གུང་དཀར་སོགས་ས་ཆ་ཁ་ཤས་ནས་བོད་ཀྱི་གནའ་བོའི་རྡོ་བརྐོས་མིག་མངས་གསར་རྙེད་བྱུང་ཡོད་པ་རེད།