རླངས་འཁོར་གཞན་ལ་གཡར་པོ་བྱས་ཚེ། གཞུང་ལམ་འགལ་ཁྲིམས་སུ་ཡིས་འཁུར་དགོས།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་ལམ་མཚོ་ཤར་གྲོང་ཁྱེར་དམར་གཙང་ས་ཁུལ་དུ་ཡོད་པའི་སྡོད་དམངས་སྐུ་ཞབས་ལིས་ལགས་ཀྱིས་གསར་འགོད་པ་ལ་བཤད་རྒྱུར། “ངས་ལོ་སར་གྱི་ཡར་སྔོན་དུ་རླངས་འཁོར་གསར་བ་ཞིག་ཉོས་པས། སྤྱིར་ན་དགའ་སྤྲོ་ཆེན་པོ་སྐྱེ་ཆོག་མོད། འོན་ཀྱང་མ་བསམས་ས་ནས་བསམ་ཡུལ་ལས་འདས་པའི་དོན་དག་རབ་དང་རིམ་པ་མང་པོ་ཞིག་བྱུང་ལ། ངའི་གྲོགས་པོ་གང་མང་ཞིག་གིས་ད་རུང་རླངས་འཁོར་ཉོས་མེད་པས། ངས་རླངས་འཁོར་ཉོས་པ་གོ་མ་ཐག་ནམ་རྒྱུན་ང་ཡོད་སར་འོངས་ནས་རླངས་འཁོར་གཡར་ཏེ་བསྐོར་ནས་བུད་འགྲོ། མི་འདི་དག་རླངས་འཁོར་བསྐོར་ནས་བྱང་མེད་པ་མ་ཟད། འགྲིམ་འགྲུལ་སྒྲིག་ལམ་ཡང་ཁོང་དུ་ཆུད་མེད། གལ་ཏེ་ཁོ་ཚོར་རླངས་འཁོར་མ་གཡར་ན་ཁ་ངོ་མ་བྱིན་པ་ཡིན་ལ། གལ་ཏེ་གཡར་ན་ཁོ་ཚོའི་རླངས་འཁོར་བསྐོར་པ་ལེགས་མིན་ལ་ཡང་ཁག་ཐེག་མི་ཐུབ། དེའི་རྐྱེན་གྱིས་ང་རང་ཕྱོགས་མང་པོ་ཞིག་ནས་དཀའ་ཁག་ལ་འཕྲད་འོངས”ཞེས་བཤད། གསར་འགོད་པས་སྐུ་ཞབས་ལིས་ལགས་ཀྱི་སེམས་ཁྲལ་དེ་གཞིར་བཟུང་ནས་དེ་འབྲེལ་གྱི་བཅའ་ཁྲིམས་སྐོར་ལ་རྩད་གཅོད་བྱེད་འགོ་བརྩམས།

གསར་འགོད་པས་བཅའ་འདྲིའི་བརྒྱུད་རིམ་ཁྲོད་ཤེས་རྟོགས་བྱུང་པ་ལྟར་ན། འདི་ལྟ་བུའི་སེམས་ཁྲལ་ཅན་གྱི་མི་སྣ་ནི་སྐུ་ཞབས་ལིས་ཁོ་ན་ཙམ་མ་ཡིན་པར། གྲོང་ཁྱེར་དེའི་སྡོད་དམངས་སྐུ་ཞབས་ཀྲང་ལགས་ཀྱིས་ཀྱང་གསར་འགོད་པ་ལ་བཤད་རྒྱུར། “རང་ཉིད་ཀྱིས་ཐེངས་ཤིག་ལ་རླངས་འཁོར་མི་གཞན་ལ་གཡར་རྗེས་གློ་བུར་དུ་གཞུང་ལམ་སྒྲིག་འགལ་གྱི་བརྡ་འཕྲིན་ཞིག་འབྱོར་བྱུང་པས། འདིའི་ཐད་ལ་སྐུ་ཞབས་ཀྲང་ལགས་ཡ་མཚན་ཆེན་པོ་སྐྱེས། རྗེས་སུ་ང་ལྷོད་ལ་བབས་ཏེ་བསམ་བློ་བཏང་པ་ན་ད་བཟོད་ཉིན་འགའི་ཡར་སྔོན་དུ་རང་གི་གྲོགས་པོ་ལ་དོན་དག་ཅིག་ཡོད་པས། རང་གི་རླངས་འཁོར་ཉིན་འགའ་ལ་ཁོར་གཡར་བ་དེ་ཡིད་ལ་དྲན་བྱུང་། སྒྲིག་འགལ་ཁྲིམས་འགལ་གྱི་ཆད་པ་དེ་ནི་སྐབས་དེར་བྱུང་བ་ད་བཟོད་ཤེས། རྗེས་སུ་གྲོགས་པོ་བཙལ་ཏེ་གཏན་ཁེལ་བྱས་མོད། འོན་ཀྱང་ཁོས་རང་གི་རླངས་འཁོར་གཡར་བའི་སྐབས་སུ་སྒྲིག་འགལ་ཁྲིམས་འགལ་གྱི་ཆད་པ་བྱུང་བའི་གནས་ཚུལ་དེ་གཏན་ནས་ཁས་མི་ལེན་པ་རེད། མཇུག་མཐར་བྱ་ཐབས་ཅི་ཡང་མེད་པའི་འོག་ཆད་དངུལ་སྒོར་མོ་དེ་རང་ཉིད་ཀྱིས་སྤྲད་པ་ཡིན”ཟེར།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། འཕྲུལ་སྒུལ་རླངས་འཁོར་ཁ་ལོ་བ་ཞིག་གི་དུས་ཡུན་གཅིག་གི་ནང་གི་གསོག་སྐར12དེ་ཡོངས་སུ་འཐེན་ཚར་པ་ན། སྤྱི་བདེ་འགྲིམ་འགྲུལ་བདག་དོམ་སྡེ་ཁག་གིས་རླངས་འཁོར་ཁ་ལོ་པའི་དཔང་ཡིག་དེ་ཕྱིར་བསྡུ་བྱེད་པ་མ་ཟད། རླངས་འཁོར་ཁ་ལོ་པ་ལ་དགོས་ངེས་ཀྱི་སློབ་སྦྱོང་དང་རྒྱུགས་ལེན་བྱེད་དུ་བཅུག་སྟེ། རྒྱུགས་བླངས་ནས་འཕྲོད་པ་ན་འཐེན་ཟིན་པའི་སྐར་མ་མེད་པར་བཟོ་པ་དང་རླངས་འཁོར་ཁ་ལོ་པའི་དཔང་ཡིག་ཕྱིར་སྤྲད་ངེས། རྒྱུགས་བླངས་པ་འཕྲོད་མེད་ཚེ་མུ་མཐུད་དུ་སློབ་སྦྱོང་བྱེད་དུ་བཅུག་སྟེ་རྒྱུགས་ལ་ཞུགས་སུ་བཅུག སློབ་སྦྱོང་ལ་གཏན་ནས་ཟབ་ཞུགས་མི་བྱེད་པ་དང་རྒྱུགས་ལེན་ལ་ཡང་མི་ཞུགས་མཁན་གྱི་རླངས་འཁོར་ཁ་ལོ་པ་ལ་སྤྱི་བདེ་འགྲིམ་འགྲུལ་བདག་དོམ་སྡེ་ཁག་གིས་སྤྱི་བསྒྲགས་བྱས་ཏེ། འཕྲུལ་སྒུལ་རླངས་འཁོར་ཁ་ལོ་པའི་དཔང་ཡིག་བེད་སྤྱོད་མཚམས་འཇོག་བྱེད་དུ་འཇོག་སྲིད།

དོན་དག་དེའི་ཆེད་ལ། གསར་འགོད་པས་འགྲིམ་འགྲུལ་བདག་དོམ་སྡེ་ཁག་ལ་བཅའ་འདྲི་བྱེད་སྐབས། མཚོ་ཤར་གྲོང་ཁྱེར་ལུང་མདོ་ས་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཝེ་ཝེ་ཡིས་བཤད་རྒྱུར། གལ་ཏེ་ཡུལ་དངོས་སུ་ཁྲིམས་འགལ་སྒྲིག་འགལ་བྱུང་བ་ན་ཆད་པ་གཅོད་ཡུལ་ནི་སྒྲིག་འགལ་ཁྲིམས་འགལ་གྱི་དོ་བདག་མི་སྣ་དེ་ཡིན་ལ། གལ་ཏེ་ཡུལ་དངོས་མ་ཡིན་པའི་སྒྲིག་འགལ་ཁྲིམས་འགལ་དག་ནི་རླངས་འཁོར་གྱི་བདག་པོ་རང་ཉིད་དང་ཡང་ན་སྒྲིག་འགལ་ཁྲིམས་འགལ་གྱི་མི་སྣ་གང་དེའི་གསགས་སྐར་འཐེན་ནས་ཆད་པ་གཅད་དགོས་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།