དར་གོས་ཚོང་ལམ་ལས་ཨེ་ཤ་ཡ་ལྷོ་མའི་མཚོ་སྔོན་ལམ་རྒྱུད་ནས་གནའ་ཤུལ29གསར་རྙེད་བྱུང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན་ནས་ཚེས21ཉིན་བར། དར་གོས་ཚོང་ལམ་ལས་ཨེ་ཤ་ཡ་ལྷོ་ལམ(མཚོ་སྔོན་ལམ་རྒྱུད)གྱི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་གླེང་སྟེགས་མཚོ་སྔོན་ནས་བསྡུས། གསར་འགོད་པས་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། 2017ལོ་ནས་བཟུང་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་དང་ནུབ་བྱང་སློབ་ཆེན། ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་གླིང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ལས་ཁུངས་ཀྱིས་དར་གོས་ཚོང་ལམ་ཨེ་ཤ་ཡ་ལྷོ་མའི་མཚོ་སྔོན་ལམ་རྒྱུད་ཀྱི་གནའ་རྫས་རྟོག་ཞིབ་བྱ་བ་དངོས་སུ་འགོ་བརྩམས་པའི་ཚུན་ལ། ད་སྔའི་བར་དུ་བསྡོམས་པའི་གནའ་ཤུལ་སྣ་ཚོགས177རྟོག་ཞིབ་བྱས་ཤིང་། གནའ་ཤུལ29གསར་རྙེད་བྱུང་བ་རེད།

“ཨེ་ཤ་ཡའི་ལྷོ་ལམ”ནི་གནའ་ནས་ད་བར་དུ་དབུས་ཁུལ་གྱི་ནང་ལོགས་ས་ཁུལ་དང་མཚོ་སྔོན། བོད་རང་སྐྱོང་ལྗོངས། འབྲུག་ཡུལ། རྒྱ་གར་སོགས་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། ཨེ་ཤ་ཡ་ལྷོ་ལམ(མཚོ་སྔོན་ལམ་རྒྱུད)ནི་དར་གོས་ཚོང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད། ཉེ་བའི་ལོ་འདི་འགར། དར་གོས་ཚོང་ལམ་ཨེ་ཤ་ཡ་ལྷོ་མའི་མཚོ་སྔོན་ལམ་རྒྱུད་ཀྱི་ཡུལ་དངོས་གནའ་རྫས་རྟོག་ཞིབ་བྱ་བ་དང་རྣམ་པ་གསར་པའི་ཚན་རྩལ་གྱི་བྱེད་ཐབས་སྤྱད་དེ། འབྲེལ་ཡོད་ཀྱི་གནའ་ཤུལ་ཐོད་རྒལ་རང་བཞིན་གྱིས་གསར་རྙེད་བྱུང་། 2017ལོར། རྟོག་ཞིབ་བྱ་བ་གཙོ་བོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་ནས་སྤེལ་ཏེ། གནའ་ཤུལ42རྟོག་ཞིབ་བྱས་ཤིང་གནའ་ཤུལ14གསར་རྙེད་བྱུང་བ་རེད། 2018ལོར། རྟོག་ཞིབ་ཁྱབ་ཁོངས་ཞིང་ཆེན་ཡོངས་ཀྱི་ཁུལ5དང་རྫོང་ཁག16ནས་སྤེལ་ཏེ། གནའ་ཤུལ་ཡོད་སར་ཅུང་ཁ་འཐོར་ཡིན་ལ་རིགས་ཀྱང་སྣ་མང་ཡིན་པས། བསྡོམས་པའི་གནའ་ཤུལ135རྟོག་ཞིབ་བྱས། དེའི་ཁྲོད་གསར་རྙེད་བྱུང་བའི་གནའ་ཤུལ15ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།