གཅན་ཚ་རྫོང་གིས2019ལོའི་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་གྱི་བྱ་བ་ཁྱོན་ཡོངས་ནས་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ4ཚེས15ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་རྒྱལ་ཁབ་ས་ཁོངས་ལྗང་མདོག་ཅན་ཏུ་སྒྱུར་བའི་སྐུལ་སློང་གྲོས་ཚོགས་སྟེང་། ཞིང་ཆེན་ཡོངས་ཀྱི་ཡིག་ཆའི་དགོངས་དོན་དངརྨ་ལྷོ་ཁུལ་གྱི་རྒྱལ་གཉེར་ས་ཁོངས་ལྗང་སྒྱུར་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་ཆབས་ཅིག རྫོང་གང་དེའི2018ལོའི་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་བྱ་བའི་དཔྱད་ཞིབ་གྲུབ་འབྲས་ཡང་སྙན་ཞུ་ཞུས་པ་མ་ཟད། 2019ལོའི་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་བྱ་བ་དེ་ཁྱོན་ཡོངས་ནས་འགོ་ཚུགས་པ་རེད།

2018ལོར་གཅན་ཚ་རྫོང་གིས་གང་མན་རི་ཁུལ་དང་རིན་ཚེ་རི་ཁུལ། ལྷོ་རིའི་རི་ཁུལ། སྣང་རའི་རི་ཁུལ། ཁམས་རའི་རི་ཁུལ། སྐྱ་རྒྱ་རི་ཁུལ་སོགས་རི་ཁུལ་མི་འདྲ་བ6གི་སྤྱི་ཆིངས11800ལྷག་ལ་སྐྱེ་ཁམས་སྡོང་འཛུགས་ནགས་སྐྲུན་ཡོངས་འགྲུབ་བྱས་ཏེ། མ་དངུལ་དང་ངལ་རྩོལ་པ་མི་ཐེངས་ཁྲི13.3ལྷག་གིས་གསོམ་སྡོང་དང་ཐང་ཤིང་། ཤུག་པ་སོགས་ལྗང་སྒྱུར་མྱུ་གུ་རྐང་ཁྲི400ལྷག་འདེབས་འཛུགས་བྱས་ཡོད། འཛུགས་སྐྲུན་ལྗང་སྒྱུར་ནགས་ཁུལ་གསར་འཛུགས་བྱས་པའི་གཞུང་ལམ་ལ་སྤྱི་ལེ39ཡོད་པ་དང་། ལྗང་མྱུག་གི་གསོན་ཚད་ནི95%ཡན་ལ་སླེབས་པ་དང་རྫོང་ཡོངས་སུ་ནགས་ཚལ་གྱི་ཁེབས་ཚད་དེ33.69%ལ་མཐོར་འདེགས་བྱུང་ཡོད། རྫོང་མཁར་ཡོངས་ཀྱི་ལྗང་སྒྱུར་ཚད་གཞི་དེ33.1%ལ་སླེབས་ཡོད།

ད་ལོ་རྫོང་དེས་རྒྱལ་ཁབ་ས་ཁོངས་ཀྱི་སྤྱི་ཆིངས14666.7ལྷག་ལྗང་སྒྱུར་ཡོངས་འགྲུབ་བྱ་བའི་རྨང་གཞིའི་སྟེང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་ལམ་རྒྱུད་དང་གྲོག་ཤུར། ཁང་བའི་སྔ་གཞུག སྡེ་བའི་ཉེ་འཁོར། བེད་མེད་ས་ཞིང་སོགས་ལྗང་སྒྱུར་སོགས་ཀྱི་ཐབས་ལ་བརྟེན་ནས། སྔར་ལས་མོད་པོའི་ལྗང་མདོག་གི་སྡེ་གྲོང་འཆར་གཞི་ལྟར་འཛུགས་བྱས་ཏེ། ཞིང་གྲོང་གི་ལྗང་སྒྱུར་ཚད་གཞི་དང་ཆུ་ཚད་མཐོར་འདེགས་ལ་ལྗང་མདོག་གི་སྐྱ་ཐིག་ཕབ་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།