ལས་ཞུགས་སྐོར་གྱི་བཅའ་ཁྲིམས། ༣

(ལེ་ཚན་གོང་མའི་འཕྲོས་མཐུད།)

བཅའ་ཁྲིམས་ཀྱི་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་བབ་བསྟུན་ངོས་འཛིན་བྱས་པའི་ལས་རྨས་ཀྱི་གནས་ཚུལ་གཞན་དག

ལས་རྨས་ལ་འཕྲད་དུས་ཅི་ཞིག་བྱེད་དགོས་སམ།

ལས་ཞུགས་མི་སྣ་ལ་དོན་རྐྱེན་བྱུང་ནས་གནོད་འཚེ་ཐེབས་པ་དང་ཡང་ན་ལས་རིགས་ནད་འགོག་སྨན་བཅོས་ཀྱི་གཏན་ཁེལ་ལྟར་ནད་རྟགས་ངོས་འཛིན་ལས་ལས་རིགས་ནད་དུ་གསལ་འབྱེད་བྱས་པ་ན། རང་ཉིད་སྡོད་སའི་ལས་ཁུངས་ཀྱིས་བབ་བསྟུན་སྒོས་དོན་རྐྱེན་བྱུང་བའི་ཉིན་དང་ནད་རྟགས་ངོས་འཛིན་བྱས་པའི་ཉིན་དེ་ནས་ཉིན30ཡི་རིང་ལ་ལས་རིགས་ནད་རྟགས་ལ་གསལ་འབྱེད་བྱེད་དགོས་པ་མ་ཟད། ས་ཁུལ་དང་རྫོང་གང་དེའི་ངལ་རྩོལ་འགན་སྲུང་ཅུའུ་ལ་ལས་རྨས་གསལ་འབྱེད་རེ་འདུན་ཞུ་དགོས།

ངལ་རྩོལ་མཁན་དང་མི་བཀོལ་ལས་ཁུངས་བར་ལ་རྩོད་གླེང་བྱུང་བ་ན། འགྲོ་ལུགས་གང་དག་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་སམ།

ཕྱོགས་གཉིས་ཀས་རང་རང་ས་ནས་གྲོས་སྡུར་བྱས་ཏེ་ཐག་གཅོད་བྱེད་དགོས། དོ་བདག་མི་སྣ་ཡིད་འཐད་བྱུང་བའི་རྨང་གཞིའི་འོག་གྲོས་སྡུར་བྱས་ཏེ་གྲོས་མོལ་ཐག་གཅོད་བྱས་ཆོག

བར་འདུམ་གྱི་བརྒྱུད་རིམ། ཕྱོགས་གཉིས་ཀས་རང་སྟེང་ནས་གྲོས་སྡུར་བྱས་ཏེ་གྲོས་མཐུན་མ་བྱུང་ན། ཕྱོགས་གཉིས་ཀས་རང་མོས་ངང་ཁེ་ལས་བར་འདུམ་ཨུ་ཡོན་ལྷན་ཚོགས་ལ་བར་འདུམ་བྱེད་པའི་རེ་འདུན་བཏོན་ཆོག་ལ། བར་འདུམ་གྲོས་མཐུན་བྱུང་བ་ན་རང་སྟེང་ནས་ལག་བསྟར་བྱེད་དགོས། བར་འདུམ་ལེགས་འགྲུབ་མ་བྱུང་ན་འདུམ་གཅོད་བྱེད་པའི་རེ་འདུན་བཏོན་ཆོག དོ་བདག་མི་སྣས་ཀྱང་ཐད་ཀར་དུ་འདུམ་གཅོད་རེ་འདུན་ཞུས་ཆོག

འདུམ་གཅོད་ཀྱི་བརྒྱུད་རིམ། དོ་བདག་མི་སྣའི་ཕྱོགས་གཅིག་དང་ཡང་ན་ཕྱོགས་གཉིས་ཀས་འདུམ་གཅོད་ཨུ་ཡོན་ལྷན་ཚོགས་ལ་འདུམ་གཅོད་བྱེད་པའི་རེ་འདུན་བཏོན་ཆོག འདུམ་གཅོད་ཁྲིམས་རས་དེར་བརྟེན་སྒོས་སྔོན་ལ་བར་འདུམ་དང་བར་འདུམ་མི་འགྲུབ་ཚེ། འདུམ་གཅོད་བྱེད་ངེས། ཕྱོགས་གཅིག་གི་དོ་བདག་མི་སྣས་འདུམ་གཅོད་ནུས་ཐོན་བར་འདུམ་ཡི་གེ་དེ་ལག་བསྟར་མི་བྱེད་ན། ཕྱོགས་གཞན་པ་དེས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་རེ་འདུན་བཏོན་ཆོག བརྒྱུད་རིམ་འདི་ནི་མི་དམངས་ཁྲིམས་ཁང་གི་ངལ་རྩོལ་རྩོད་གླེང་ཐག་གཅོད་བྱེད་པའི་སྔོན་འགྲོའི་བརྒྱུད་རིམ་ཡང་ཡིན། ཡང་གཅིག་བཤད་ན་མི་དམངས་ཁྲིམས་ཁང་གིས་ཐད་ཀར་དུ་དང་ལེན་མ་བྱས་པའི་འདུམ་གཅོད་བརྒྱུད་རིམ་ཁྲོད་ཀྱི་ངལ་རྩོལ་རྩོད་གླེང་གྱོད་དོན་ཡང་ཡིན།

ཁྲིམས་ཁང་གི་འདྲི་གཅོད་བརྒྱུད་རིམ། དོ་བདག་མི་སྣས་འདུམ་གཅོད་བྱས་པ་དེ་དང་ལེན་མི་བྱེད་ན་གཏན་ཁེལ་བྱས་པའི་དུས་ཡུན་ནང་གཞི་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག མི་དམངས་ཁྲིམས་ཁང་གིས་དམངས་དོན་ཞུ་གཏུག་གི་བརྒྱུད་རིམ་ལྟར་འདྲི་གཅོད་བྱས་ཏེ། མཇུག་མཐའི་ཐག་གཅོད་བཞིན་ལག་བསྟར་བྱེད་ངེས། ཁྲིམས་ཁང་གི་འདྲི་གཅོད་བརྒྱུད་རིམ་ནི་ངལ་རྩོལ་རྩོད་གླེང་ཐག་གཅོད་བྱེད་པའི་མཇུག་མཐའི་བརྒྱུད་རིམ་ཡང་ཡིན།

ལས་རྨས་ཀྱིས་དམིགས་གསལ་གཟིགས་སྐྱོང་གང་དག་ལོངས་སུ་སྤྱད་ཆོག

མི་བཀོལ་ལས་ཁུངས་ཀྱིས་ལས་རྨས་ཉེན་སྲུང་འགན་བཅོལ་ཉོས་ཡོད་པས། ལས་རྨས་ཀྱི་དམིགས་གསལ་གཟིགས་སྐྱོང་ནི་ངལ་རྩོལ་འགན་སྲུང་སྡེ་ཁག་གིས་སྤྲོད་དགོས། དེའི་འགྲོ་ལུགས་སྒྲུབ་མེད་ན་ལས་ཁུངས་གང་དེའི་སྤྲོད་དགོས།

ལས་རྨས་སྨན་བཅོས་ཐད་ཀྱི་དམིགས་གསལ་གཟིགས་སྐྱོང་། སྨན་བཅོས་རིན་དངུལ་དེ་ལས་རྨས་ཀྱི་ཉེན་སྲུང་འགན་བཅོལ་སྨན་བཅོས་ལས་གཞིའི་དཀར་ཆག་དང་མཐུན་དགོས་ཤིང་། སྨན་རྫས་ཀྱི་དཀར་ཆག་དང་དེ་མིན་ཞག་སྡོད་ཞབས་ཞུའི་ཚད་གཞི་ནི་ལས་རྨས་ཉེན་སྲུང་འགན་བཅོལ་གྱི་ཐེབས་རྩའི་ནང་ནས་གཏོང་དགོས།

ཞག་སྡོད་སྨན་བཅོས་བྱེད་པ་ལ་ལས་ཁུངས་གང་དེས་གཞུང་དོན་གྱི་རྐྱེན་གྱིས་ཕྱི་ལ་སོང་བའི་ཚད་གཞིའི70% ཡི་ཞག་སྡོད་འཚོ་བའི་ཁ་གསབ་རོགས་དངུལ་དང་འགྲིམ་འགྲུལ་རིན་དངུལ། ནད་གཡོག་རིན་དངུལ་བཅས་སྤྲོད་དགོས། དགོས་ངེས་ཀྱི་དབང་གིས་གནས་གཞན་ལ་སོང་ནས་སྨན་བཅོས་བྱེད་དགོས་ན་གཞུང་དོན་ལ་འགྲོ་བའི་རིན་དངུལ་གྱི་ཚད་གཞི་ལྟར་འགྲིམ་འགྲུལ་དང་ཞག་སྡོད་རིན་དངུལ་རྩིས་ཞུ་བྱེད་དགོས།

ཡན་ལག་བརྫུས་མ་དང་དབྱིབས་ལྡན་དབང་པོ། མིག་བརྫུས་མ། སོ་བརྫུས་མ་སོགས་འཇོག་པ་དང་འཁོར་སྟེགས་སྒྲིག་ཆས་ཀྱི་རམ་འདེགས་སོགས་རོགས་འདེགས་ཡོ་བྱད་ཀྱི་རིན་དངུལ་དེ་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ལས་རྨས་ཉེན་སྲུང་འགན་བཅོལ་ཐེབས་རྩས་སྤྲོད་དགོས།

ལས་མཚམས་བཞག་སྟེ་ལས་ཕོགས་ལེན་པའི་དམིགས་གསལ་གཟིགས་སྐྱོང་། ལས་རྨས་ལ་སྨན་བཅོས་བྱེད་པའི་སྐབས་སུ་ལས་ཁུངས་ཀྱིས་སྔར་བཞིན་ཟླ་རེའི་ལས་ཕོགས་ཀྱི་ཕན་བདེའི་དམིགས་གསལ་གཟིགས་སྐྱོང་སྤྲོད་དགོས་ཤིང་། སྤྱིར་བཏང་དུ་ཟླ་བ12ལས་བརྒལ་མི་རུང་། རྨས་སྐྱོན་ཚབས་ཆེན་དང་ཡང་ན་གནས་ཚུལ་དམིགས་གསལ་ཅན་ལ་ཆེས་རིང་ན་ཡང་ཟླ་བ24ལས་བརྒལ་མི་རུང་།

བུད་མེད་ལས་བཟོ་པ་ལ་ངལ་རྩོལ་གྱི་སྲུང་སྐྱོབ་གང་དག་ཡོད་དམ།

མི་བཀོལ་ལས་ཁུངས་ཀྱིས་ཕོ་མོའི་དབྱེ་བ་བཀར་ནས་བུད་མེད་ལས་བསྡུ་མི་བྱེད་པ་དང་ཡང་ན་བུད་མེད་ཀྱི་ལས་བསྡུའི་ཚད་གཞི་མཐོར་འདེགས་སུ་བཏང་མི་ཆོག (རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་བུད་མེད་ལ་མི་འཚམ་པའི་ལས་རིགས་དང་ཡང་ན་ལས་གནས་ལས་གཞན། )

མི་བཀོལ་ལས་ཁུངས་ཀྱིས་མངལ་ཆགས་པའི་བུད་མེད་ངལ་རྩོལ་མཁན་ལ་ལས་སྣོན་བཀོད་སྒྲིག་བྱས་མི་ཆོག་ལ། ཕྲུ་གུ་མངལ་ལ་འཁོར་ནས་ཟླ་བ་བདུན་འགོར་ཟིན་པའི་བུད་མེད་དག་ལ་མཚན་མོའི་ལས་རེས་བྱེད་དུ་འཇུག་མི་རུང་ཞིང་། སྔོན་ཆད་ཀྱི་ལས་གནས་དེར་ངལ་རྩོལ་བྱེད་མི་ཐུབ་ན་སྨན་བཅོས་སྡེ་ཁག་གི་འབྲེལ་ཡོད་བདེན་དཔང་གཞིར་བཟུང་ནས། ལས་ཀའི་ཚད་ཇེ་ཡང་དུ་གཏོང་བའམ་འོས་འགན་གྱི་ལས་གནས་ཤིག་བཀོད་སྒྲིག་བྱེད་དགོས།

《མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་དང་འཆར་ལྡན་བུ་སྐྱེ་སྲོལ་ཡིག(2016ལོའི་བཟོ་བཅོས་ཡིག་ཆ)》གི་དོན་ཚན་བཅུ་དྲུག་པའི་ནང་སྲོལ་ཡིག་འདིའི་སྒྲིག་སྲོལ་ལ་མཐུན་པའི་འཆར་ལྡན་བུ་སྐྱེ་ཅན་གྱི་བཟའ་ཟླས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཉིན98གྱི་གུང་གསེང་དུས་ཡུན་ལོངས་སུ་སྤྱད་ཆོག་ལ། བུད་མེད་ཕྱོགས་ཀྱིས་སྦྲུམ་མའི་གུང་གསེང་དུས་ཡུན་ནི་ཉིན60ཡིན་ཞིང་། སྦྲུམ་མའི་གུང་གསེང་གི་དུས་སུ་ལས་ཕོགས་ཡང་ཡོད་ངེས།

མི་བཀོལ་ལས་ཁུངས་ཀྱིས་ཕྲུ་གུར་ནུ་མ་བསྣུན་པའི་དུས་ཡུན་ལོ1གི་ནང་དུ་བུད་མེད་ངལ་རྩོལ་མཁན་ལ་ནུ་མ་བསྣུན་པའི་དུས་ཚོད་བཀོད་སྒྲིག་བྱས་ཤིང་། སྤྱིར་བཏང་དུ་ཉིན་རེར་དུས་ཚོད1རེ་ཡིན།

(རྫོགས་སོ།)

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།