མཚོ་སྔོན་ཞིང་ཆེན་ད་སྐབས་རྩལ་ནུས་འཇོན་མི་ཁྲི8ཙམ་ལས་མེད་པའི་གནད་འགག་ལ་ཐུག་ཡོད།

རྩལ་ནུས་འཇོན་མི་ནི་རང་བདག་གི་གསར་གཏོད་ནུས་པ་ཇེ་ཆེར་དང་། གསར་གཏོད་ཀྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་རེད། ཉེ་སྔོན་གསར་འགོད་པས་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་ནས་ཤེས་གསལ་ལྟར་ན། “ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་བར་དུ། རང་རེའི་ཞིང་ཆེན་གྱི་རྩལ་ནུས་འཇོན་མི་ཡིས་རྩལ་ནུས་ངལ་རྩོལ་པ་ཡོངས་ཀྱི་བསྡུར་ཚད་ལས27.4%ཟིན་ཡོད་པས་རྒྱལ་ཡོངས་ཀྱི27.3%ཡི་ཆ་སྙོམས་ཆུ་ཚད་དང་ཕལ་ཆེར་མཉམ་ཡོད་པ་རེད།

སྡོམ་རྩིས་ལྟར་ན། “ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་བར་དུ་རང་རེའི་ཞིང་ཆེན་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྩལ་ནུས་ངལ་རྩོལ་པ་ཁྲི29.8ཡོད་ཅིང་། དེའི་ནང་རིམ་པ་དང་པོའི་བཟོ་པ་ཁྲི11.65ཡོད་པ་དང་། རིམ་པ་འབྲིང་ཤོས་ཀྱི་བཟོ་པ་ཁྲི10། རིམ་པ་མཐོ་ཤོས་ཀྱི་བཟོ་པ་ཁྲི6.49བཅས་ཡོད་ལ། གཞན་ལག་རྩལ་པ་དང་མཐོ་རིམ་ལག་རྩལ་པ་ཁྲི1.67དང་། མཐོ་རིམ་བཟོ་པ་ཡན་གྱི་རིམ་པའི་ལག་རྩལ་འཇོན་མི་ཁྲི8.165ལ་སླེབས་ཡོད་པ་རེད། རྩལ་ནུས་མཐོ་ཤོས་ཀྱི་འཇོན་མི་ཁ་སྣོན་ནི་རང་རེའི་ཞིང་ཆེན་གྱིས་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་། གསོ་སྐྱོང་ཟབ་སྦྱོང་ལམ་ལུགས་འཐུས་ཚང་། གོང་མཉམ་འདེམས་གསེས་ལམ་ལུགས་གསར་གཏོད། རྩལ་ནུས་འཇོན་མི་སྐྱེད་སྲིང་ལས་གཞི་སོགས་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་གྱི་གྲུབ་འབྲས་རེད་མོད་ཀྱང་། རང་ཞིང་གི་རྩལ་ནུས་མཐོ་ཤོས་འཇོན་མི་སྔར་བཞིན་དཀོན་ཞིང་། གྲུབ་སྟངས་ལ་ཡོ་གཟུར་ཤོར་བ་སྟེ། ཤར་དུ་མང་ཞིང་ནུབ་ཏུ་ཉུང་བ། བྱང་དུ་མང་ཡང་ལྷོ་རུ་ཉུང་བ་ལྟ་བུའི་རྣམ་པ་ཆགས་ཡོད་པ་རེད། ད་སྔ་རང་རེའི་ཞིང་ཆེན་གྱི་རྩལ་ནུས་འཇོན་མི་དག་གཙོ་ཆེར་ཟི་ལིང་དང་མཚོ་ཤར། མཚོ་ནུབ་ས་ཁུལ་དུ་ཡོད་ཅིང་། “ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་ཏུ་མཚོ་ལྷོ་ཁུལ་དུ་རྩལ་ནུས་མཐོ་ཤོས་ཀྱི་འཇོན་མི406ལས་མེད་ལ་དེས་ཟི་ལིང་གི་རྩལ་ནུས་མཐོ་ཤོས་ཀྱི་འཇོན་མིའི་སྤྱི་འབོར་གྱི5.8%ལས་ཟིན་ཐུབ་མེད་པ་རེད།

ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ལས་བྱེད་པས་བཤད་པ་ལྟར་ན། བཟོ་ལས་འཕེལ་རྒྱས་ཀྱི་གོམ་ཁ་དང་བསྟུན་ནས་རང་རེའི་ཞིང་ཆེན་གྱི་རྩལ་ནུས་འཇོན་མིའི་དགོས་མཁོ་ཡང་ཉིན་རེར་ཇེ་ཆེར་འགྲོ་བཞིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་སུ། རང་རེའི་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྒྱལ་ཁོངས་ཁེ་ལས་ཀྱི་རྩལ་ནུས་མཐོ་ཤོས་ཀྱི་འཇོན་མི་མཁོ་ཚད་ཆེད་ལས་ལག་རྩལ་འཇོན་མི་དང་གཉེར་སྐྱོང་དོ་དམ་འཇོན་མི་ལས་ཆེ་བ་རེད། ད་སྔ་ཞིང་ཆེན་ཡོངས་ཀྱི་རྩལ་ནུས་མཐོ་ཤོས་ཀྱི་འཇོན་མིའི་སྤྱི་འབོར་ཡིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་བསྐངས་ཐུབ་ཀྱིན་མེད་པ་རེད། དེང་ཕྱིན་གྱི་དུས་སྐབས་ཤིག་ནང་དུ། རང་ཞིང་གིས་ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། མཐོ་སྒང་སྐྱེ་དངོས་སྨན་རྫས། མཐོ་སྒང་དེང་རབས་སྣོད་བཅུད་ཞིང་འབྲོག་ལས། མི་རིགས་གྲངས་ཉུང་ཀྱི་རིག་གནས་སོགས་ཁྱད་ཆོས་ལྡན་པའི་དགེ་མཚན་ཐོན་ལས་གཞི་བཅོལ་ཏེ། རྩལ་ནུས་འཇོན་མི་འདུ་འཛོམས་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་ལ་སྐུལ་སྤེལ་ཏན་ཏིག་བྱ་དགོས་ཟེར།

ཁོན་ཐར་འཚོས་བསྒྱུར།