རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཁྲི27ལེགས་བཅོས་ཐད་ཀྱི་གཏམ་བཟང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་སྤེལ་པའི《ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱས་པའི་ཐད་ཀྱི་བརྡ་སྦྱོར》ལྟར་ན། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་པའི་བཟོ་སྐྲུན་མི་འགྱངས་པར་འགོ་རྩོམ་རྒྱུ་རེད།

ལག་བསྟར་ཁྱབ་ཁོངས།

གཙོ་བོ་ཞིང་ཆེན་ནང་ཁུལ་གྱི་གཞུང་ལམ་གཙོ་བོའི་ལོགས་གཉིས་ཀ་དང་ཡུལ་སྐོར་ལྗོངས་ཁུལ་གཙོ་བོ། མཁར་གྲོང་མཐའ་འཁོར་གྱི་སྡེ་བ། རྒྱལ་གཉེར་ཕྱུགས་རའི་ལས་བཟོ་པའི་སྡོད་ཁུལ་བཅས་ཀྱི་ཁྱབ་ཁོངས་གཙོར་བཟུང་ནས་ལག་བསྟར་བྱ་རྒྱུ་རེད།

ལག་བསྟར་ནང་དོན།

རོང་འབྲོག་མང་ཚོགས་ཀྱི་རེ་འདུན་བསྡུ་ལེན་བྱས་ཏེ། ད་ཡོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ནུས་རྒྱུ་གྲོན་ཆུང་དང་དྲོད་སྲུང་གིས་འཛུགས་སྐྲུན་བྱེད་པ། ཁང་པའི་ནང་གི་སྤྱོད་ཁང་ལེགས་བཅོས་སྔར་ལས་འཐུས་ཚང་དུ་གཏང་བ་སོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་གཙོར་བཟུང་སྟེ། སྦགས་བཙོག་ཕྱིར་འདོན་དང་སྡེ་བའི་ཁོར་ཡུག་བཅོས་སྐྱོང་། སྡོད་ཁུལ་ཁོར་ཡུག་ལེགས་བཅོས་ལ་གཅིག་གྱུར་འཆར་འགོད་སྒོས་ལག་བསྟར་བྱ་རྒྱུ་རེད།

གཅིག ནུས་རྒྱུ་གྲོན་ཆུང་དང་དྲོད་སྲུང་ཇེ་མཐོར་གཏང་བའི་ཕྱོགས།

ནུས་རྒྱུ་གྲོན་ཆུང་དང་དྲོད་སྲུང་ཇེ་མཐོར་གཏང་བའི་ཁྲོད། ཕྱི་གྱང་གི་ནུས་རྒྱུ་གྲོན་ཆུང་དང་དྲོད་སྲུང་། ཁང་ཀླད་ཀྱི་དྲོད་སྲུང་ཆུ་འགོག ཉི་ནུས་དྲོད་ལྡན་བར་ཁྱམས་འཛུགས་སྐྲུན་དང་སྡོད་ཁང་གི་ཕྱིའི་སྒེའུ་ཁུང་བརྗེ་བ་སོགས་འདུ་བ་རེད།

གཉིས། སྒྲིག་ཆས་འཐུས་ཚང་དུ་གཏང་བའི་ཕྱོགས།

སྦགས་བཙོག་ཕྱིར་འདོན་གྱི་ཆ་རྐྱེན་འཛོམས་པའི་སྡེ་བར་ཆུ་བཤལ་རྣམ་པའི(水冲式)སྤྱོད་ཁང་སྒྱུར་བཀོད་དང་ཆུ་འདོན་སྦུག་ལམ་དྲ་རྒྱ་འཛུགས་པར་སྐུལ་འདེད་བྱ་རྒྱུ་མ་ཟད། མང་ཚོགས་ལ་རྣམ་པ་གསུམ་པའི་ལུད་རྫིང(三格式化粪池)སོགས་ཁྱིམ་ནང་གི་བཙོག་ཆུ་འདོན་པའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་པ། རང་བྱུང་སོལ་རླངས་འཐེན་པར་ཆ་རྐྱེན་ལྡན་པའི་སྡེ་བར་རང་བྱུང་སོལ་རླངས་ཁྱིམ་དུ་འཐེན་པར་སྐུལ་འདེད་བྱ་རྒྱུ་རེད།

གསུམ། གཞི་མ་དང་སྡེ་བའི་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ཕྱོགས།

གཞི་མ་དང་སྡེ་བའི་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ཁྲོད། བདེ་འཇགས་ཀྱི་ཉེན་ཁ་ཆེ་བའི་ཁང་རྙིང་བཤིག་པ་དང་ཁང་པའི་མདུན་རྒྱབ་ནས་གང་འདོད་དུ་འཛུགས་སྐྲུན་བྱས་པ་བཅོས་སྐྱོང་། གྱང་རྙིང་བཤིག་པ། སྡོད་ཁང་དང་གཞི་མའི་རྣམ་པ་ཇེ་ལེགས་སུ་གཏང་བ་སོགས་འདུ་བ་རེད།

ལས་གཞི་ལག་བསྟར་གྱི་གལ་ཆེའི་རང་བཞིན་ལྟར་ན། སྐུལ་འདེད་ལས་གཞི་གཙོ་བོ་དང་སྣེ་ཁྲིད་རིགས་ཀྱི་ལས་གཞི་སྟེ་ལས་གཞི་རིགས་གཉིས་སུ་བགར་ཡོད་པ་རེད། དེའི་ཁྲོད། ནུས་རྒྱུ་གྲོན་ཆུང་དང་དྲོད་སྲུང་གིས་སྡོད་ཁང་འཛུགས་སྐྲུན་དང་ཁང་པའི་ནང་གི་སྤྱོད་ཁང་ལེགས་བཅོས་དེ་སྐུལ་འདེད་ལས་གཞི་གཙོ་བོའོ་ཁོངས་སུ་གཏོགས་ལ། སྡེ་བའི་ནང་ལས་གཞི་ལག་བསྟར་གྱི་ཆ་རྐྱེན་ལྡན་པའི་ཁྱིམ་ཚང་ཚང་མས་ལག་བསྟར་བྱ་དགོས། ལག་གཞི་གཞན་དག་ཚང་མ་སྣེ་ཁྲིད་རིགས་ཀྱི་ལས་གཞིའི་ཁོངས་སུ་གཏོགས་ལ། མང་ཚོགས་ཀྱིས་འདོད་མོས་ལྟར་འདེམས་ཆོག

ལག་བསྟར་དམིགས་འབེན།

2019ལོར་སྔོན་ལ་ཚོད་ལྟ་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཁྲི3གྱི་ཆ་རྐྱེན་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ལེགས་འགྲུབ་བྱས་ནས། སྡེ་བ110ལྷག་གི་རྣམ་པ་ཇེ་ལེགས་སུ་གཏང་རྒྱུ་རེད། 2020ལོ་ནས་བཟུང་ལོ་རེར་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཁྲི4ཡི་ཆ་རྐྱེན་ལེགས་བཅོས་བྱེད་པའི་བཟོ་སྐྲུན་ལེགས་འགྲུབ་བྱས་ཏེ། 2025ལོར་ཐོན་དུས། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཁྲི27གྱི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་འགྲུབ་བྱས་ཏེ། སྡེ་བ1000ཡས་མས་ཀྱི་རྣམ་པ་ཇེ་ལེགས་སུ་གཏང་རྒྱུ་རེད།

ལག་བསྟར་བྱེད་ཐབས།

1.རྫོང་རིམ་པའི་སྙན་ཞུ་དང་སྡེ་བ་རིམ་པའི་རྩ་འཛུགས་བྱེད་པ།

2.འགན་འཁྲི་གསལ་པོ་དང་མང་ཚོགས་ཀྱི་འདོད་མོས་ལྟར་ལག་བསྟར་བྱེད་པ།

3.མང་ཚོགས་ཀྱིས་དངུལ་གཏོང་དང་སྲིད་གཞུང་གིས་ཁ་གསབ་བྱེད་པ།

4.བྱེད་སྟངས་རང་འདེམས་དང་མཉམ་སྐྲུན་རྒྱུན་འཁྱོངས་བྱེད་པ།

5.ཚོད་ལྟའི་དཔེ་སྟོན་དང་བརྟན་བརླིང་གིས་སྐུལ་འདེད་བྱེད་པ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།