མཚོ་སྔོན་ཞིང་ཆེན་གྱིས་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རར་གཅིག་བསྡུས་ཐོག་ཞིབ་བཤེར་དག་ཐེར་བྱེད་པ།

གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་ཐིང་ནས་ཤེས་གསལ་བྱུང་བ་ནི། ཉེ་ལམ་ཞིང་ཆེན་མི་ཤུགས་ཐུན་ཁོངས་ཐིང་དང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་ཅུའུ་གཉིས་ཀྱིས་ཟླ་བ་གཅིག་གི་དུས་ཚོད་བེད་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་སྒྲིག་ལམ་ལ་གཅིག་བསྡུས་ཐོག་གཙང་བཤེར་དག་ཐེར་བྱེད་པའི་ཆེད་དོན་ཁྲིམས་བསྟར་བྱ་འགུལ་སྤེལ་ཏེ། མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བརླག་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་དང་། མི་ཤུགས་ཐོན་ཁུངས་ཁྲོམ་རའི་ལས་ཀའི་མགོ་མཇུག་བར་གསུམ་ལ་ལྟ་རྟོག་ནན་མོ་བཅས་བྱས་ནས་འདྲ་མཉམ་དང་ཚད་ལྡན། འགྲན་རྩོད་གོ་རིམ་ཡོད་པའི་ལས་ཞུགས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

ཐེངས་དེའི་ཆེད་དོན་ཁྲིམས་བསྟར་བྱ་འགུལ་གྱིས་གཙོ་བོ་ཁྲིམས་བཞིན་བཙུགས་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་དང་། ཆོག་འཐུས་མ་སྤྲད་པའམ་ཐོ་འགོད་མ་བྱས་པའི་སྒོ་ནས་ལས་རིགས་མཚམས་སྦྱོར་དང་ངལ་ལས་མངག་གཏོང་ལ་སོགས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་ལས་སྒོ་གཉེར་བའི་སྒྲིག་འཛུགས་སམ་མི་སྒེར། ལས་མི་བསྡུ་བའི་ལས་ཁུངས་རིགས་མི་འདྲ་བཅས་གནད་དུ་བཟུང་སྟེ་ཁྲིམས་བསྟར་ཞིབ་བཤེར་བྱ་རྒྱུ་དང་། དེའི་གོ་རིམ་ནང་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་ཀྱི་ལས་གཉེར་ལག་འཁྱེར་དང་།སྲིད་འཛིན་འཐུས་ཡིག(ངལ་ལས་མངག་གཏོང་ཚུད་པ)གི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་མ་ཟད། ནང་སྒོས་སུ་དྲ་སྦྲེལ་ལས་མི་བསྡུ་བའི་སྡིངས་ཆ་དང་ཁྱིམ་ལས་ཞབས་ཞུ་མཚམས་སྦྱོར་ལས་ཁུངས་གཙོ་བོར་བཟུང་ནས་ལས་གཉེར་ཐོབ་ཐང་དང་། ནང་ཁུལ་གྱི་ལམ་ལུགས། གྲོན་བསྡུའི་ཚད་གཞི། ཞབས་ཞུ་སྟེགས་བུའི་རྩིས་ཐོ་སོགས་ཀྱི་གནས་ཚུལ་དང་དུས་བཅད་ལྟར་ལོ་ཧྲིལ་པོའི་ལས་གཉེར་སྙན་ཞུའི་གནས་ཚུལ། དེ་མིན་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་ཀྱིས་གཉེར་སྐྱོང་བྱེད་སྒོ་སྤེལ་བའི་གནས་ཚུལ་སོགས་ལ་ཞིབ་བཤེར་བྱས་ཏེ། སློབ་ཆེན་གྱི་མཐར་ཕྱིན་སློབ་མར་ལས་ཞུགས་ཀྱི་ཆིངས་ཡིག་རྫུན་མ་བཞག་ཡོད་པ། ཆ་འཕྲིན་དཔྱད་ཞིབ་ཀྱི་འོས་འགན་མི་བསྒྲུབ་པ། མཐོང་ཆུང་རང་བཞིན་གྱི་ལས་བསྡུ་ཆ་འཕྲིན་བཀྲམས་པ། མི་ཤུགས་ཐོན་ཁུངས་ཁྲོམ་རའི་རིན་གོང་ཧམ་སྤར། ངལ་རྩོལ་པའི་ཐོབ་ཐང་ལག་འཁྱེར་དང་ལག་འཁྱེར་གཞན་པ་བཀག་ཉར། ཁྲིམས་འགལ་ཐོག་ངལ་རྩོལ་པའི་རྒྱུ་ནོར་བདག་གིར་ལེན་པ། ལོ་ན16ལ་མ་སོན་པའི་ན་གཞོན་ལས་ཞུགས་ལ་སྐུལ་བ། བདག་དབང་མ་སྤྲད་འོག་ནས་འཁོར་སྐྱོད་མི་སྣའི་མི་དོན་ཡིག་ཚགས་ལ་དོ་དམ་བྱེད་པ་དང་དོ་དམ་གྲོན་དངུལ་ལེན་པ། འཁོར་སྐྱོད་མི་སྣའི་མི་དོན་ཡིག་ཚགས་དང་ལེན་མི་བྱེད་པ་ལ་སོགས་ཀྱི་གནད་དོན་ལ་གཅིག་བསྡུས་ཐོག་དག་ཐེར་བྱས་ནས་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཁུངས་ཀྱིས་ངལ་རྩོལ་པ་སྒྲིག་འཛུགས་ཐོག་ལུགས་མིན་གྱིས་མི་བཀོལ་ལས་ཁུངས་བརྗེ་སྟེ། ཚུལ་མིན་གྱི་ཁེ་ཕན་ལེན་པའི་བྱ་སྤྱོད་ཡོད་པ་དག་ཡིད་རྟོན་ཡིག་ཚགས་སུ་བཀོད་དེ་ཁྲིམས་བཞིན་སྤྱི་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱ་རྒྱུ། གཞན་དྲག་སྤྱོད་དང་བཙན་དྲག གཡོ་སྒྱུ་སོགས་སྦྱོར་ངན་ལ་བརྟེན་ནས་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལས་ཀ་སྒྲུབ་པའི་ཉེས་ཅན་ཡོད་ན། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཁྲིམས་བཞིན་དུ་སྤྱི་བདེ་ལས་ཁུངས་སུ་སྤྲད་དེ་གྱོད་དོན་ཐོ་འགོད་ཐོག་ཞིབ་གཅོད་བྱ་རྒྱུ། མི་བཀོལ་ལས་ཁུངས་ཀྱི་ཐད་ཀར་བསྡུས་པའི་ངལ་རྩོལ་པའི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ། ལས་བསྡུ་ཆ་འཕྲིན་རྫུན་མ་དང་ངལ་རྩོལ་པར་མགོ་སྐོར་གྱི་ཆ་འཕྲིན་བཀྲམས་པའི་བརྒྱུད་ཚོང་གི་ལས་གཉེར་མཁན་དང་། བཙན་ཤུགས་ཀྱིས་ངལ་རྩོལ་ལ་སྐུལ་བ། “མཆིན་ནད་ག་པ་སྣ་ལྔ”ཡི་ནད་བཤེར་རྣམ་གྲངས་ཁྲིམས་གལ་ཐོག་གཏན་འབེབས་བྱས་ཡོད་པ། གཞན་ལས་མི་བསྡུ་བའི་མིང་གཡར་ནས་ཚུལ་དང་མི་མཐུན་པའི་ཁེ་ཕན་ལེན་པའམ་ཁྲིམས་འགལ་གྱི་ལས་གཞན་དག་སྤེལ་མཁན་ཡོད་ཚེ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཁྲིམས་བཞིན་ཞིབ་གཅོད་བྱ་རྒྱུ་དང་། ཉེས་པ་ལྕི་མོའི་རིགས་སྤྱི་བདེ་ལས་ཁུངས་སུ་སྤྲད་དེ་བཅའ་ཁྲིམས་ཐོག་ནས་ཐག་གཅོད་བྱ་རྒྱུ་རེད།

ཆེད་དོན་ཁྲིམས་བསྟར་བྱ་འགུལ་དེ་ཁྲིམས་བསྟར་དང་ཆད་གཅོད་མཉམ་འབྲེལ་སོགས་ཀྱི་ལམ་ནས་སྡེ་ཚན་བར་མཉམ་འབྲེལ་བྱས་དུས་ངེས་མེད་ལ་ཞིབ་བཤེར་བྱ་རྒྱུ་ཡིན་ཞིང་། ཞིབ་བཤེར་ཁྲོད་རྙེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཅན་རྙེད་ཚེ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་མ་ཟད། འབྲེལ་ཡོད་མཇུག་འབྲས་གཅིག་གྱུར་ཐོག་ཁྲོམ་རའི་མིང་འོག་ཏུ་བཞག་སྟེ། རྒྱལ་ཁབ་ཀྱི་ཁེ་ལས་ཡིད་རྟོན་ཆ་འཕྲིན་སྤྱི་སྒྲོག་མ་ལག་བརྒྱུད་ནས་ཡོངས་སྒྲོག་དང་མཉམ་དུ་ཆད་པ་གཅད་རྒྱུ་རེད། གཏུག་ཞུ་སྟབས་བདེར་བཏང་སྟེ་ཞུ་གཏུག་ཁ་པར་སོགས་ཕྱིར་བསྒྲགས་ཏེ། ཞིང་ཆེན་རིམ་པའི་སྲིད་འཛིན་མངའ་ཁོངས་ཀྱི་ཞུ་གཏུག་ཐག་གཅོད་མཉམ་འགུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཁྲིམས་བསྟར་གྱི་ནུས་པ་ཇེ་ཆེར་གཏང་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།