མདོ་ལའི་ནོར་གནག་ཤིན་ཅང་དུ“གཞིས་ཆགས་པ།”

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལན་ཀྲོའུ་འབྲོག་ལས་དང་ཕྱུགས་སྨན་ཞིབ་འཇུག་སུའོ་ཡི་ཆེད་མཁས་ཚོགས་ཆུང་གིས་གསལ་འབྱེད་དཔྱད་འདེམས་བྱས་པ་བརྒྱུད། ས་བབ་མཐོ་བའི་གནམ་གཤིས་དང་། ཐོན་སྐྱེད་ཀྱི་ནུས་པ་ཆེ་བ། ནོར་གནག་གི་ཕྱིའི་རྣམ་པ་སོགས་ཀྱི་ཁྱད་ཆོས་དང་འཚམ་པའི་མདོ་ལའི་ནོར་གནག་ཤིན་ཅང་ལ་རོགས་སྐྱོར་བྱས་ནས་ནོར་གནག་རྒྱུད་པ་ལེགས་བཅོས་དང་ཁྱབ་གདལ་བཏང་བ་རེད། མདོ་ལ་རྫོང་གི་ནོར་གནག་ཁག་འགོ་མ་ཤིན་ཅང་དུ་འབྱོར་བ་ནི“ནོར་གནག་ཁྲི་སྟོང་མང་པོ་ཧྲན་ཏུང་དུ་སྐྱོད”ཅེས་པའི་རྗེས་ཀྱི་གསར་གཏོད་གལ་ཆེན་གཞན་ཞིག་ཡིན་པ་དང་། ས་ཁུལ་དེའི་ནོར་གནག་ལེགས་བཅོས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་གཉིས་པོའི་སྣོད་བཅུད་འབྲོག་ལས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

ཉེ་བའི་ལོ་འདི་གའི་རིང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་དང“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་རྐང་དེར་དམ་པོར་དམིགས་ཏེ་རྟེན་གཞི་འཛུགས་སྐྲུན་དང་། སྤུས་རྟགས་འཛུགས་སྐྲུན། ལམ་སྲོལ་འཛུགས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་བས། མདོ་ལ་རྫོང་གི་ནོར་གནག་ཐོན་ལས་ལ་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་ནས་བརྟན་པོའི་ཁྲོད་འཕར་བ་དང་། འཕར་སྣོན་ཁྲོད་ཡར་རྒྱས་ཡོད་པ། ཡར་འཛུལ་ཁྲོད་མགྱོགས་པ། མགྱོགས་མྱུར་ཁྲོད་ཕུལ་བྱུང་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། ད་ལྟའི་བར་མདོ་ལ་རྫོང་དུ་རྩས་ཁྲར་བཏབ་པའི་ཕྱུགས་རིགས་ཁྲི117.49ཡོད་པའི་ནང་ནོར་གནག་ཁྲི16.48ཡོད་པ་དེས་ཕྱུགས་རིགས་བསྡོམས་འབོར་གྱི15%བཟུང་བ་དང་། ལོ་རེར་བཤས་གཏོང་ཚད་ཁྲི5.9དང་ཤ་ཏུན4600ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད།2016ལོའི་ཟླ9པར་ཞིང་ལས་པུས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས(མདོའ་ལའི་ནོར་གནག་དང་མདོ་ལའི་བོད་ལུག)དཔེ་སྟོན་རྟེན་གཞིའི་ལག་ཁྱེར་སྤྲད་པ་དང་། 2017ལོར་ཞིང་ལས་པུའི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་སྲུང་སྐྱོང་བྱས་པ་བརྒྱུད་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་ར་སྤྲོད་ཚོང་རྟགས་ཐོབ་པ་དང་། 2018ལོར་ཞིང་ཆེན་དེ་ཡོངས་ཀྱི་ནོར་གནག་ཐོན་ལས་འཕེལ་རྒྱས་སྔོན་སྐྱོད་རྫོང9དང་ནོར་གནག་བརྗོད་དོན་གཙོ་བོའི་སྤྱི་གླིང2ཚོད་ལྟའི་རྫོང་གི་གྲས་སུ་བཅུག་པ་རེད། སྔ་རྗེས་སུ་ཧྲང་ཧའེ་རྒྱལ་སྤྱིའི་སྐྱེ་ལྡན་བཟའ་བཅའི་དངོས་མང་སྟོན་ཚོགས་དང་། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོགས་འདུ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་དང་བཟའ་བཅའི་འགྲེམ་སྟོན་སོགས་འགྲེམ་ཚོགས་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་དང་འབྲེལ་བྱ་དགའ་གང་མང་ཐོབ་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།