མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འཐབ་ཇུས་མཉམ་ལས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། རང་ཞིང་གི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཐོན་ལས་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། རིགས་ཁག་གི་ཚོང་རའི་གྲུབ་ཆ་གཙོ་བོ་འཕེལ་རྒྱས་སྟོབས་ཆེར་བཏང་ནས་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཟླ4པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནསBའགྲེམ་ཁང་དུ་མཚོ་སྔོན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འཐབ་ཇུས་མཉམ་ལས་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་རེད།

མཉམ་ལས་གན་རྒྱ་འཇོག་པའི་དམིགས་ཡུལ་ནི་སྟོབས་ཅན་མཉམ་འབྲེལ་དང་། ལེགས་ཆ་གསབ་རེས། ཐུན་མོང་ཐོག་འཕེལ་རྒྱས་བཅས་ཡོང་བ་བྱ་རྒྱུ་དེ་རེད། དངོས་སྒྲུབ་མཉམ་ལས་བྱས་པ་བརྒྱུད། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཐུན་མོང་ཐོག་གཞོལ་ནས་ཕན་ཚུན་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་ཡོང་བ་བྱེད་པ་དེ་རེད། ཐེངས་འདིའི་གན་རྒྱ་འཇོག་པའི་མཛད་སྒོ་ནི་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་བཙུགས་རྗེས་ཀྲུང་དབྱང་སློབ་གྲྭ་ཆེ་མོ་དང་ཞིང་ཆེན་ཕྱིའི་ཁེ་ལས་གསར་པ་དབར་གྱི་འཐབ་ཇུས་མཉམ་ལས་ཐོག་མ་ཡིན་པ་དང་། 2019ལོའི་རིག་གནས་དང་ཡུལ་སྐོར་པུའི་ཐོན་ལས་འཕེལ་རྒྱས་ཚོགས་འདུ་འཚོགས་རྗེས་ཀྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་ཐོག་མ་ཡང་རེད།

མཉམ་ལས་གན་རྒྱ་འཇོག་པར་མ་དངུལ་དང་། ལས་གཞི། ཁེ་ལས། ཤེས་ལྡན་མི་སྣ་སོགས་ནང་འདྲེན་བྱེད་པའི་ཐད་ནས་འཐབ་ཇུས་མཉམ་ལས་བྱས་ཏེ། རང་ཞིང་གི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཕྱི་རོལ་གྱི་སྟོབས་ཤུགས་ལྡན་པའི་ཕུལ་བྱུང་ཁེ་ལས་རང་ཞིང་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ནང་ཞུགས་སུ་བཅུག་ནས་དངོས་སྒྲུབ་མཉམ་ལས་བརྒྱུད། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཐུན་མོང་ཐོག་གཞོལ་ནས་ཕན་ཚུན་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་ཡོང་བ་བྱེད་པ་རེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཀྲུང་དབྱང་རིག་གནས་དང་ཡུལ་སྐོར་དོ་དམ་ལས་བྱེད་པའི་སློབ་གླིང་དང་། པེ་ཅིང་ཤང་ཁྲེང་ཚན་རྩལ་ཚད་ཡོད་ཀུང་སི། པེ་ཅིང་ལི་ཝུའེ་ཁའེ་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སི། ཀྲེ་ཅང་དབྱི་ཀའོ་རིག་ནུས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི། པེ་ཅིང་ཧང་ཀྲི་རིག་གནས་འཕེལ་རྒྱས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི། ཐེན་ཅིན་ཡོན་ཏུའུ་གསར་གཏོད་ཚན་རྩལ་ཚད་ཡོད་ཀུང་སི། ཀྲུང་གོ་རྒྱལ་ཁབ་ཡུལ་སྐོར་ཅང་སུའུ་ཀུང་སི། ཁག་བགོས་སྨྱན་སྦྱོར་ཚོགས་པ། ཅེ་ཞུའེ་སི(པེ་ཅིང)རིག་གནས་ཚན་རྩལ་ཚད་ཡོད་ཀུང་སི་བཅས་སྡེ་ཚན9དང་འཐབ་ཇུས་མཉམ་ལས་གྲོས་ཆིངས་བཞག་པ་རེད།

ཐེངས་འདིར་བཞག་པའི་གྲོས་ཆིངས་ནི་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ཞིག་ཡིན་མོད། འོན་ཀྱང་ཚང་མ་མཚོ་སྔོན་དུ་གཞི་ཚུགས་ནས་སྐུལ་འདེད་གཏོང་བའི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ལས་གཞི་ཞིག་རེད། ཚོད་རྩིས་བྱས་པ་ལྟར་ན། ཐེངས་འདིར་གན་རྒྱ་བཞག་པའི་ལས་གཞི་ཡི་དངུལ་གྲངས་སྒོར་དུང་ཕྱུར10ལས་བརྒལ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།