མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་སྟེང་ནས་ས་མཐོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཐད་ཀྱི་མཐོ་རིམ་གླེང་སྟེགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ4པའི་ཚེས13ཉིན། 2019ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་དང་ནུབ་བྱང་ཡུལ་སྐོར་བྲིན་ཚོང་ཚོགས་འདུའི་སྟེང་ནས་ས་མཐོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཐད་ཀྱི་མཐོ་རིམ་གླེང་སྟེགས་བསྡུས། ཆེད་མཁས་པ་དང་མཁས་དབང་། ཁེ་ལས་པ4ཡིས་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ།མི150མཐོ་རིམ་གླེང་སྟེགས་སུ་ཞུགས།

ཐེངས་འདིའི་གླེང་སྟེགས་ཀྱིས་ལྷད་མེད་དང་མཉམ་འདྲེས། མཐུན་སྦྱོར་དང་འཕེལ་རྒྱས་བཅས་བརྗོད་དོན་གཙོ་བོར་བྱས་ཏེ། ས་ཁོངས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐབས་ལམ་འཚོལ་ཆེད་རེད། གླེང་སྟེགས་སྟེང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་ཏའེ་ཞུའེ་ཧྥུང་དང་། ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་ཧྥན་ཅན་ཧྭ། པེ་ཅིང་ཤང་ཁྲེང་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་ཧོང་ཞང་ཁྲེང་། དེ་བཞིན་མཚོ་སྔོན་ཀུང་སིའི་སྤྱི་གཉེར་བ་ཀྲང་ཞའོ་ཧྲེང་བཅས་ཀྱིས་རེ་རེ་བཞིན“ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལྟ་སྟངས་འོག་གི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར”དང་། “དུས་རབས་གསར་པའི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བའི་གནད་དོན་ཁ་ཤས”། “མ་དངུལ་གཏོང་འཇོག་ཟུར་ཚད་འོག་གི་རིག་གནས་ཐོན་ལས་ཀྱི་གསར་གཏོད་ལས་གཏོད་འཕེལ་རྒྱས། མཚོ་སྔོན་ལུང་ཡང་འགག་མཛེས་ལྗོངས་ཁུལ་དཔེར་བཞག་སྟེ”། “ས་མཐོའི་སྣོད་བཅུད་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཚོལ་ཞིབ་དང་བསམ་གཞིགས”སོགས་ཀྱི་ནང་དོན་ཐད་བཞེད་དོན་གཙོ་བོའི་གཏམ་བཤད་བྱས་པ་དང་། དུས་རབས་གསར་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་མཐོང་རྒྱ་ཕྱེ་བ་དང་བསམ་ཕྱོགས་དང་ཐབས་ལམ་གསར་པ་མཁོ་འདོན་བྱས།

དེ་ལས་གཞན། གླེང་སྟེགས་སུ་ཞུགས་པའི་ཡུན་ནན་དང་ཀའེ་ཀྲིག སི་ཁྲོན། ཀོང་ཞུའེ། ཧྲན་ཞི། ཉིང་ཞ། ཀན་སུའུ། བོད་ལྗོངས། ནང་སོག་སོགས་ཀྱི་ཞིང་ཆེན་དང་ཆུས་ཀྱི་རིག་གནས་དང་ཡུལ་སྐོར་ཐིན། རང་ཞིང་གི་གྲོང་ཁྱེར་དང་ཁུལ་ཁག་གི་རིག་གནས་ཡུལ་སྐོར་ཅུའུ། གཙོ་གནད་རིག་གནས་ཡུལ་སྐོར་ཁེ་ལས་ཁ་ཤས་བཅས་ཀྱིས་གླེང་སྟེགས་སྟེང་ནས་ཡིག་ཐོག་བརྒྱུད་ནས་ཕན་ཚན་རྒྱུས་ལོན་བྱས། གླེང་སྟེགས་སྤེལ་རིང་། ཞིང་ཆེན་ཕྱིའི་སྐུ་མགྲོན་དག་གིས་ཟི་ཞིང་གྲོང་ཁྱེར་ཙོང་ཁ་རྫོང་དང་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གནས་ཚུལ་ལ་བརྟག་དཔྱད་བྱས་པ་རེད།

ལོ་ཙཱ་བ། ཀླུ་མོ།