ཝང་ཡུས་པའོ་ཡིས་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་བར་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བི་འཕྲིན་ལྟར་ན། ཟླ4པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོའི་ཡིས་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་བར་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་དང་རྒྱ་གྲམ་དམར་པོའི་ལས་དོན་འཕེལ་རྒྱས་ཐད་བཏོན་པའི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཞིང་ཆེན་ཡོངས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་། ལྷག་པར་དུ་ཧྲུའུ་ཅི་ཝང་ཅན་ཅོན་གྱི་གསུང་བཤད་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་རྒྱ་གྲམ་དམར་པོ་ཚོགས་པའི་སྙིང་སྟོབས་རྒྱུན་འཛིན་དང་། བཅོས་སྒྱུར་གསར་གཏོད་ཁྲོད་ནས་རྒྱ་གྲམ་དམར་པོ་ཚོགས་པ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱ་དགོས་ཞེས་ཟེར།

ཝང་ཡུས་པའོ་སྔ་རྗེས་སུ་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་མྱུར་སྐྱོབ་དང་འཕྲལ་བསྟུན་མྱུར་སྐྱོབ་ལྟེ་གནས་བཅས་སུ་ཕྱིན་ནས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས་ནས་བྱ་བར་ཞིབ་འཇུག་བྱས་ཤིང་། བྱ་བའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས། ཁོའི་བསྟན་དོན། རྒྱ་གྲམ་དམར་པོ་ཚོགས་པས་མི་ཆོས། བྱམས་སེམས། བྱས་རྗེས་འཇོག་པའི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས། སྤྱི་ཚོགས་ཀྱི་དྲང་ནུས་དར་སྤེལ་བྱེད་པ་དང་། མྱུར་སྐྱོར་དང་འཕྲལ་བསྟུན་མྱུར་སྐྱོབ། དཀའ་ངལ་སེལ་རོགས་བྱེད་པ། སྤྱི་ཚོགས་སྐུལ་སློང་དང་ཕྱི་ཕྱོགས་སུ་མཉམ་ལས་བྱེད་པ་བཅས་ཀྱི་ལས་དོན་ཧུར་ཐག་གིས་སྤེལ་ཏེ། ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་དགོས་ཟེར།

ཝང་ཡུས་པའོ་ཡིས་ནན་གྱིས་བསྟན་དོན།ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་ཏང་གིས་རྒྱ་གྲམ་དམར་པོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་ཀྱིས་སྐྱོང་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་། སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ནང་ཁུལ་བཅོས་སྐྱོང་གི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། དྲ་ཐོག་གི་རྒྱ་གྲམ་དམར་པོ་ཚོགས་འདུ་དང་། ཉི་འོད་རྒྱ་གྲམ་དམར་པོ་ཚོགས་འདུ། ཁ་དན་ཚིག་གནས་ཀྱི་རྒྱ་གྲམ་དམར་པོ་ཚོགས་འདུ་བཅས་བསྐྲུན་ཏེ།ཀུན་གྱིས་ཡིད་ཆེས་བྱེད་ཚད། ཤུགས་རྐྱེན་ཐེབས་ཤུགས། ཡིད་དབང་འགུག་ནུས་བཅས་ཆེ་རུ་གཏང་དགོས་ལ། གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་ནས་འཕྲལ་བསྟུན་མྱུར་སྐྱོབ་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་། “རྒྱ་གྲམ་དམར་པོ་ཚོགས་པས་སྣོད་བཅུད་ལ་རོགས་རམ་བྱེད་པའི”ལས་གཞི་ལ་སྐུལ་འདེད་གཏོང་བ། ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་པ། མང་ཚོགས་ཚོགས་པ་གཞི་གཅིག་ཅན་འཛུགས་སྐྲུན་དང་མི་ལུས་ཀྱི་ཕུང་པོ་དང་དབང་པོ་ཞལ་འདེབས་འབུལ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་དགོས་ཟེར།

ལོ་ཙཱ་བ། ཀླུ་མོ།