2019ལོའི་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་མིའི་འཆད་ཁྲིད་ཟི་ལིང་དུ་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ4བའི་ཚེས12ཉིན་གྱི་སྔ་དྲོར། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་བོད་རིགས་ཞུབ་འཇུག་ཚོགས་པའི2019ལོའི་ཚོགས་མིའི་འཆད་ཁྲིད་ཟི་ལིང་དུ་བསྡུས། ཐེངས་འདིའི་འཆད་ཁྲིད་ལ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེ་མོ་གཞོན་པའམ་གཞུང་ལས་ཁང་གི་ཀྲུའུ་རེན་རིན་ཆེན་ཚེ་དབང་གིས་འགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པའམ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོ་ཟུར་པ། ཀྲུང་གོ་གེ་སར་སྒྲུང་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ། ཞིབ་འཇུག་པ་གཅོད་པ་དོན་གྲུབ་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་འཕྲིན་སྦྱོར་གསར་པ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའམ་ཀྲུང་གོ་བོད་ཀྱི་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་རམས་ཚེ་བྷོ་གཉིས་ཀྱིས་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གདན་འདྲེན་ལྟར། ༼གླིང་གེ་སར་སྒྲུང་གི་སྤྱི་དོན་དང་ངོ་མཚར་བའི་ཁྱད་ཆོས་བཤད་པ༽དང༼ཡང་དག་པའི་སྒོ་ནས་དྲ་རྒྱའི་སྨྱན་བྱད་བཀོལ་སྤྱོད་བྱས་ཏེ་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་བྱ་དགོས༽ཞེས་གེ་སར་རིག་གནས་དང་དྲ་རྒྱ་རིག་གནས་སྐོར་ནས་འཆད་ཁྲིད་གནང་པ་རེད།  

ཀྲུང་གོ་གེ་སར་སྒྲུང་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཅོད་པ་དོན་གྲུབ།

འཆད་ཁྲིད་སྟེང་མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་དང་། ཟི་ལིང་ས་ཁུལ་དུ་སྡོད་པའི་བོད་རིགས་སྤུན་ཟླ་སོགས་མི150ལྷག་ཞུགས་ཡོད་ཅིང་། ཐེངས་འདིའི་འཆད་ཁྲིད་བརྒྱུད་དེ་ཉན་མཁན་ཡོངས་ལ་གེ་སར་རིག་གནས་དང་དེང་རབས་དྲ་རྒྱ་བེད་སྤྱོད་སྐོར་ནས་ཤེས་རྟོགས་གསར་བ་ཡོད་པར་མ་ཟད་ངོས་ཟིན་ཟབ་མོ་རྙེད་ཡོད་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་རམས་ཚེ་བྷོ།

ཚོགས་རའི་ཟུར་ཞིག