མགོ་ལོག་ཁུལ་གྱི་ས་གནས་ཁྱད་ལྡན་ཐོན་རྫས་ལ་ཐོད་རྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ན་ནིང་ནས་བཟུང་མགོ་ལོག་ཁུལ་གྱིས་སྒྲིག་གཞི་སྙོམས་སྒྲིག་གང་ལེགས་དང་བྱེད་ཐབས་གཞན་སྒྱུར། ཁེ་ཕན་མཐོར་འདེགས་བཅས་ཀྱིས་ཕྱུགས་ལས་སྐོར་གྱི་བྱ་བའི་སྒྲིག་སྲོལ་དམ་འཛིན་བྱས་པ་དང་ཆབས་ཅིག ཐོན་ལས་སྒྲིག་གཞི་སྔར་ལས་སྙོམས་སྒྲིག་དང་ཐོན་ཁུངས་སྒྲིག་ཆས་ལེགས་སྒྱུར་སྒོས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ཐད་ལ་ཐོད་རྒལ་རང་བཞིན་གྱི་གྲུབ་འབྲས་གསར་པ་བླངས་ཡོད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཀྱི་ལས་གཞི91གསར་འཛུགས་བྱེད་པའི་རྨང་གཞིའི་སྟེང་། མགོ་ལོག་ཁུལ་གྱིས་ལོ་གཅིག་གི་ནང་མུ་མཐུད་དུ་མ་དངུལ་སྒོར་ཁྲི7930ལེགས་སྒྲིག་བྱས་ཏེ་བཤས་ནོར་དང་བཞོན་མ་གསོ་སྤེལ་ལག་བསྟར་བྱས་པ་དང་། གཟན་རྩྭ་འདེབས་འཛུགས་གཙོ་བོ་ཡིན་པའི་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་ལས་ཀྱི་ལས་གཞི40སྤེལ། ད་ལྟའི་ཆར་ཁུལ་ཡོངས་སུ་གཞི་ཁྱོན་རང་བཞིན་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ལས་གཞི་དེ་ཤང་གྲོང་རྡལ་ལ་ཁེབས་པའི་རྒྱ་ཁྱོན་ནི91%ལ་སླེབས་པ་དང་སྡེ་བ་རིམ་པར་ཁེབས་ཚད་ནི61%ཡིན། ནང་སྒོས་སུ“གངས་ལུང་རྣམ་གཞག”ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ངོས་ལེན་ཐོབ་པ་མ་ཟད། ཞིང་ཆེན་ཡོངས་སུ་ཁྱབ་སྤེལ་བཏང་པ་རེད། མགོ་ལོག་ཁུལ་གྱི་ཞིང་བའི་ལོ་ལེགས་སྟོན་སྡུད་དུས་ཆེན་སྐབས་དང་པོ་བདེ་བླག་ངང་སྤེལ་ཏེ་ཁྱད་ལྡན་ཐོན་ཁུངས་དང་མི་རིགས་ཀྱི་ལག་ཤེས་གསར་སྤེལ་ཚད་གཞི་སྔར་ལས་ཆེས་ཆེར་བཏང་ནས། ཚོང་ར་གཙོ་བོའི་འཕེལ་རྒྱས་ཀྱི་དངོས་འབེབས་ཐད་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི500དང་ཁག་ཁུར་བསྐྱིས་དངུལ་སྒོར་ཁྲི1700བཏང་སྟེ། དམངས་གཉེར་ཁེ་ལས་ཀྱི་རོགས་སྐྱོར་ཚད་གཞི་མུ་མཐུད་དུ་ཆེས་ཆེར་བཏང་ནས། ཞིང་ཕྱུགས་ཐོན་ལས་སྐོར་ཞིག་དང་ཀྲུང་བོད་ལུགས་སྨན་རྫས། གཏེར་ཆུ། གངས་ལྷ་མེ་ཏོག་བོད་ཇ། ནས་ནག་བདུད་རྩི། མི་རིགས་གྱོན་ཆས། ལག་ཤེས་བཟོ་ལས་སྒྱུ་རྩལ་སོགས་ཐོན་ལས་ཀྱི་ལས་གཞི་ལ་སྐུལ་འདེད་བྱས་ཏེ་ལོ་རེའི་ཡོང་འབབ་སྒོར་དུང་ཕྱུར་ལ་བུད་པ་རེད།

ད་ལྟ་ཐོན་ལས་འཕེལ་རྒྱས་མཁོ་སྤྲོད་སྟེགས་བུའི་གཞི་ཁྱོན་ཆེས་ཐོག་མར་སྤེལ་པ་དང་མགོ་ལོག་ཁུལ་གྱི་རྨ་འབྲི་རྫ་གསུམ་སྐྱེ་ལྡན་ཐོན་ལས་གླིང་དང་ཐོན་ལས་གླིང་གི་ཁེ་ལས་ལས་གཏོད་གསར་སྤེལ་རྟེན་གཞི། ལས་ཞུགས་དངོས་སྦྱོང་རྟེན་གཞིའི་ཐད་ལ་མ་དངུལ་འབོར་ཆེན་བཏང་ནས་རྫོང་སོ་སོའི་ཐོན་ལས་གླིང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱས་པ་རེད། རྨ་ཆེན་དང་གཅིག་སྒྲིལ། དགའ་བདེ་སོགས་ཀྱིས་གློག་རྡུལ་ཚོང་དོན་གྱི་དཔེར་མཚོན་རྫོང་འཛུགས་སྐྲུན་བདེ་བླག་ལ་སྐུལ་འདེད་བྱས་ནས། གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་གནས་བབ་ཇེ་ལེགས་སུ་བཏང་པ་དང་ཉོ་ཚོང་དངོས་ཟོག་གི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཡོད། སྐྱེ་ཁམས་ཡུལ་སྐོར་ཡང་དག་གསར་འཛུགས་ཀྱིས་ཁྱབ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་འདུ་ཤེས་གཞིར་བཟུང་ནས། ཡུལ་སྐོར་ལས་རིགས་རིམ་སྒྱུར་ཅན་ལ་ཤུགས་བསྣན་ནས་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་དང་སྒྲིག་གཞིའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཡུལ་སྐོར་ཁོར་ཡུག་དང་ཞབས་ཞུའི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་། ཡུལ་སྐོར་བདག་དོམ་སྒྲིག་གཞིའི་སྒྲིག་ཆས་མུ་མཐུད་དུ་གསར་གཏོད་བྱས་པ་དང་མགོ་ལོག་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟི་ལ་ཡང་དངོས་སུ་སྒོ་བྱང་བཀལ་ཏེ་ཚོང་གཉེར་བྱེད་འགོ་བརྩམས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།