རང་ཞིང་གིས་སྤྱི་ཚོགས་འགན་སྲུང་བྱང་བུ་གསར་སྤེལ་བྱེད་པ་བརྗོད་དོན་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་བཅས་ཀྱིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་ཝུན་ཁྲིན་ལམ་གཞིས་ཁུལ་གྱི་ཝན་ཏ་ཐང་ཆེན་དུ“ཤེས་རབ་ཀྱི་མི་དོན་སྤྱི་ཚོགས་དང་ཤེས་རབ་ཀྱི་ཞབས་ཞུ”ཞེས་པའི་སྤྱི་ཚོགས་འགན་སྲུང་བྱང་བུའི་བརྗོད་དོན་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་དང་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་ངོས་འཛིན་བྱེད་པའི་ཚད་དང་བེད་སྤྱོད་བྱེད་པའི་ཚད་གཞི་མཐོར་འདེགས་སུ་བཏང་ནས། སྤྱི་ཚོགས་འགན་སྲུང་བྱང་བུས་དམངས་ལ་སྟབས་བདེ་དང་དམངས་ཕན་བཅས་བསྐྲུན་ཡོད།

ཐེངས་འདིའི་བྱ་འགུལ་གྱིས་སྤྱི་ཚོགས་འགན་སྲུང་བྱང་བུའི་སྐབས་བསྟུན་བྱེད་ནུས་གཙོ་བོར་བཟུང་སྟེ། བྱང་བུ་བཀོལ་སྤྱོད་བྱེད་པའི་བདེ་འཇགས་ཀྱི་རྒྱུན་ཤེས་དང་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་སྤྲོད་པ་དང་བེད་སྤྱོད། དེ་མིན་སྤྱི་ཚོགས་འགན་སྲུང་བྱང་བུའི་དངུལ་རྩའི་ཞབས་ཞུ། དམངས་ཕན་སྲིད་ཇུས་སོགས་ཀྱི་ནང་དོན་དྲིལ་སྒྲོག་བྱས་པ་རེད། བྱ་འགུལ་གྱི་ཡུལ་དངོས་སུ་སྤྱི་ཚོགས་འགན་སྲུང་བྱང་བུའི་ལས་གཉེར་འདྲི་རྟོག་ས་ཚུགས་གསར་འཛུགས་བྱས་ཏེ། གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་མཁོ་སྤྲོད་བྱེད་ས་དང་འཛུགས་སྐྲུན་དངུལ་ཁང་དངུལ་རྩའི་ལས་དོན་གསར་སྒྱུར་བྱང་བུའི་ཉམས་ཞིབ་ས་ཚུགས། དངུལ་རྩའི་ལས་དོན་འདྲི་རྟོག་ས་ཚུགས་སོགས་བཙུགས་ཡོད། དེ་དང་ཆབས་ཅིག་སྤྱི་ཚོགས་འགན་སྲུང་བྱང་བུའི་བཀོལ་སྤྱོད་དང་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུའི་དྲིལ་སྒྲོག་བྱང་བུ། མང་ཚོགས་ལ་སྣེ་ཁྲིད་དེ“མཚོ་སྔོན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་ཤར་གཏོང”གི་ཁ་པར་གཉེན་ཆསAPPགྱི་བྱེད་ནུས་ཕབ་ལེན་བྱེད་པ། གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་མར་སྤྲོད་པ། 《སྤྱི་ཚོགས་འགན་སྲུང་བྱང་བུའི་གཙོ་གནད་ཤེས་བྱའི་དྲིས་ལན》དང་དངུལ་རྩའི་སྲིད་ཇུས་ཀྱི་དམིགས་གསལ་གཟིགས་སྐྱོང་བྱེད་ཐབས་སོགས་ཀྱི་དྲིལ་སྒྲོག་ཤོག་བྱང་མར་བཀྲམས་སྟེ། མང་ཚོགས་དག་ལ་སྤྱི་ཚོགས་འགན་སྲུང་བྱང་བུའི་རེ་འདུན་འགྲོ་ལུགས་བརྒྱུད་རིམ་དང་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུའི་བེད་སྤྱོད་བདེ་འཇགས་སོགས་ཀྱི་ནང་དོན་ངོ་སྤྲོད་གང་ལེགས་བྱས་ཏེ། བྱང་བུ་འཛིན་མཁན་དང་བཀོལ་སྤྱོད་མཁན་ལ་སྣེ་ཁྲིད་བྱས། བྱ་འགུལ་གྱི་ཡུལ་དངོས་སུ་དྲིལ་སྒྲོག་དཔྱད་གཞིའི་ཡིག་ཆ2000ལྷག་བཀྲམས་པ་དང“མཚོ་སྔོན་སྤྱི་ཚོགས་འགན་སྲུང་བྱང་བུ་ཤར་གཏོང”གི་ཁ་པར་གཉེན་ཆསAPPཕབ་ལེན་བྱེད་པ། དེ་མིན་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུ་བརྒྱ་ལ་ཉེ་བ་ལྷག་དངོས་སུ་མར་བཀྲམས། མི60ལྷག་སྤྱི་ཚོགས་འགན་སྲུང་བྱང་བུ་གསར་འབྱེད་དང་ཉམས་ཞིབ་དངུལ་རྩའི་འགན་ནུས་ཁྲོད་ཟབ་ཞུགས་བྱས་ཡོད།

ཞིང་ཆེན་མི་ཤུགས་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱེད་རྒྱུར། ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་བྱང་བུ་འཛིན་མཁན་གྱིས་སྤྱི་ཚོགས་འགན་སྲུང་བྱང་བུའི་ངོས་འཛིན་གྱི་ཚད་ཆེས་ཆེར་བཏང་ཡོད། རྒྱ་ཆེའི་བྱང་བུ་འཛིན་མཁན་དག་ལ་སྤྱི་ཚོགས་འགན་སྲུང་བྱང་བུ་དང་གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུའི་བྱེད་ནུས་དང་བཀོལ་སྤྱོད། བེད་སྤྱོད་ཐབས་ལམ་དང་བདེ་འཇགས་བྱང་བུ་བཀོལ་པའི་རྒྱུན་ཤེས་སོགས་ལ་རྒྱུས་ལོན་བྱེད་དུ་བཅུག་སྟེ། སྤྱི་ཚོགས་འགན་སྲུང་བྱང་བུའི་རྒྱབ་སྐྱོར་ཐོབ་པའི་དངུལ་རྩའི་ལས་དོན་ཐད་ལ་ཡང་སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་བྱེད་དུ་བཅུག་ཡོད་ལ། དྲིལ་སྒྲོག་བྱ་བའི་ཕན་འབྲས་ཡང་མངོན་གསལ་དོད་པོ་ཞིག་བླངས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།