ཁ་ལོ་པའི་འཛིན་བྱང་ཐད་ཀྱི་གཏམ་བཟང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། སྤྱི་བདེ་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། གཤམ་གྱི་བཅོས་སྒྱུར་བྱེད་ཐབས་གསར་པ་འདི་དག་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

གཅིག རླངས་འཁོར་ཆུང་བའི་ཁ་ལོ་པའི་འཛིན་བྱང་རྒྱུགས་གཞི“རྒྱལ་ཡོངས་ཀྱི་ས་ཆ་གང་ནས་ཀྱང་བླངས་ཆོག”པ།

རེ་ཞུ་མི་སྣས་རང་གི་ཐོབ་ཐང་ལག་ཁྱེར་བཟུང་ནས་རྒྱལ་ཡོངས་ཀྱི་ས་ཆ་གང་ནས་ཀྱང་རླངས་འཁོར་ཆུང་བའི་ཁ་ལོ་པའི་འཛིན་བྱང་བླངས་ཆོག་པར་མ་ཟད། གནས་སྡོད་དཔང་ཡིག་སྤྲོད་མི་དགོས་པ་རེད།

གཉིས། རྒྱུགས་གཞི་གཞན་དག་ས་ཆ་གཞན་ནས་ཀྱང་བླངས་ཆོག་པ།

རེ་ཞུ་མི་སྣས་རླངས་འཁོར་ཆུང་བའི་ཁ་ལོ་པའི་འཛིན་བྱང་གི་རྒྱུགས་གཞི་ཁག་ཅིག་འཕྲོད་རྗེས། བྱ་བ་དང་སློབ་སྦྱོང་། འཚོ་བ་སོགས་ཀྱི་རྐྱེན་ཀྱིས་ས་ཁུལ་གཞན་དུ་འགྲོ་དགོས་ཚེ། ས་གནས་གཞན་དུ་མུ་མཐུད་དུ་རྒྱུགས་འཕྲོ་དག་བླངས་ནས་ཕར་འགྲོ་ཚུར་འོང་གི་དཀའ་ལས་ཇེ་ཉུང་དུ་བཏང་ཆོག་པ་རེད།

གསུམ། རླངས་འཁོར་ཆེ་བའི་ཁ་ལོ་པའི་འཛིན་བྱང་ཞིང་ཆེན་ནང་ཁུལ་གྱི་ས་ཆ་གང་ནས་ཀྱང་བླངས་ཆོག་པ།

ཞིང་ཆེན(ས་ཁུལ)ནང་ཁུལ་གྱི་ས་ཆ་གཞན་ནས་རླངས་འཁོར་ཆེ་བའི་ཁ་ལོ་པའི་འཛིན་བྱང་ལེན་ན། རེ་ཞུ་མི་སྣས་རང་གི་ཐོབ་ཐང་ལག་ཁྱེར་བཟུང་ནས་ཐད་ཀར་དུ་བླངས་ཆོག་པར་མ་ཟད། གནས་སྡོད་དཔང་ཡིག་སྤྲོད་མི་དགོས་པ་རེད།

བཞི། རླངས་འཁོར་གྱི་བདག་པོའི་ཆ་འཕྲིན་ས་ཁུལ་གཞན་ནས་བརྗེ་སྤོ་བྱས་ཆོག་པ།

རླངས་འཁོར་གྱི་བདག་པོའི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པའི་ཚོད་ལྟའི་གྲོང་ཁྱེར15ནས120ཇེ་མང་ལ་གཏང་རྒྱུ་ཡིན་པས། ཚོད་ལྟའི་ས་ཁུལ་བར་ནས་རླངས་འཁོར་གྱི་བདག་པོའི་ཆ་འཕྲིན་བརྗེ་སྤོ་བྱེད་ན། ཐད་ཀར་དུ་ཆ་འཕྲིན་བརྗེ་སྤོ་བྱ་ཡུལ་དུ་རེ་ཞུ་བྱས་ཆོག་ཅིང་། དེ་སྔའི་ས་ཁུལ་གྱི་རླངས་འཁོར་དོ་དམ་ཁང་དུ་སོང་ནས་ཡིག་ཚགས་ལེན་པ་དང་རླངས་འཁོར་ཞིབ་བཤེར་སོགས་བྱེད་མི་དགོས་པ་རེད།

ལྔ། འཕྲུལ་རྟའི་ཞིབ་བཤེར་ལས་དོན“རྒྱལ་ཡོངས་ནས་སྒྲུབ་ཆོག”པ།

རྒྱལ་ཡོངས་ནས་རླངས་འཁོར་ཞིབ་བཤེར་བྱས་ཆོག་པའི་རྨང་གཞིའི་སྟེང་། འཕྲུལ་རྟ་ཡང་ཞིང་ཆེན(ས་ཁུལ་དང་གྲོང་ཁྱེར)བརྒལ་ནས་ས་ཆ་གཞན་དུ་ཞིབ་བཤེར་བྱས་ཆོག་ལ། ཐོ་འགོད་བྱས་ནས་ལོ6འགོར་མེད་པའི་འཕྲུལ་རྟ་ཞིབ་བཤེར་ལས་ཁུངས་ནས་ཞིབ་བཤེར་བྱེད་མི་དགོས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།