མཚོ་སྔོན་གྱིས་ཡང་བསྐྱར་དམངས་ཕན་བྱེད་ཐབས4ལག་བསྟར་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཆེན་སྤྱི་བདེ་ཐིན་གྱིས་སྤེལ་བའི་བརྡ་སྦྱོར་ལྟར་ན། ཟླ4པའི་ཚེས10ཉིན་ནས་བཟུང་། ཁྱིམ་ཐོའི་དོ་དམ“དབང་ཆ་གཤམ་སྤྲོད། དོ་དམ་ཤུགས་སྣོན། ཞབས་ཞུ་ལེགས་སྒྱུར”བཅོས་སྒྱུར་གྱི་དམངས་ཕན་བྱེད་ཐབས4ལག་བསྟར་ཟབ་སྤེལ་བྱས་ཏེ། ཁྱིམ་ཐོ་སྤོར་བའི་སྲིད་ཇུས་ལེགས་སྒྱུར་དང་འཁོར་རྒྱུག་མི་ཚོགས་ཀྱི་སྐབས་སྡོད་དཔང་ཡིག་དྲ་ཐོག་ནས་ཐོ་འདོད་བྱེད་པར་སྐུལ་འདེད། མངག་གཏོང་ཁང་གིས་བདེན་དཔང་ཡི་གེ་སྤྲོད་པ་སོགས་ཀྱི་བྱ་བ་ཚད་ལྡན་དུ་བཏང་སྟེ། ཁེ་ལས་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཐད་ལ་ཕན་བདེ་བསྐྲུན་རྒྱུ་རེད།

གཅིག བུ་དང་བུ་མོ་ཕ་མའི་ཁྱིམ་ཐོ་ནང་འཇོག་པའི་ཚད་བཀག་སྔར་ལས་ཇེ་ལྷོད་དུ་བཏང་སྟེ། ཁྱིམ་ཐོ་རང་གྲོང་ཁྱེར(རྫོང་དང་ཞིང་ཆེན་གཞན་པ)ན་ཡོད་པའི་མི་སྣས། ཕ་མ་དང་མཉམ་དུ་ཁྱིམ་ཐོ་བཟོ་བར་རེ་ཞུ་བྱས་ཆོག་ལ། (མཚོ་སྔོན་གྱི་མཁར་གྲོང་སྡོད་དམངས་ཀྱི་ཁྱིམ་ཐོའི་རིགས) གཞན་བཟའ་ཟླ་དང་གཉེན་བསྒྲིག་མེད་པའི་བུ་བུ་མོས་ཁྱིམ་ཐོ་སྤོར་ཆོག་པ་རེད།

གཉིས། ཞིང་ཕྱུགས་ལས་རིགས་ཀྱི་གནས་སྤོ་མི་གྲངས་གྲོང་ཁྱེར(གྲོང་རྡལ)དུ་སྡོད་པའི་ཆ་རྐྱེན་སྔར་ལས་ཇེ་ལྷོད་དུ་བཏང་སྟེ། རང་སྐྲུན་ཁང་པ་དང་བོགས་གཏོང་ཁང་པ་རུ་གཏན་སྡོད་མི་སྣས། མི་སྒེར་དང་མཉམ་སྡོད་བྱས་པའི་བཟའ་ཟླ། གཉེན་བསྒྲིག་མེད་པའི་བུ་བུ་མོ་དང་ཕ་མས་ས་གནས་དེ་རུ“སྡོད་ཁུལ་གྱི་གཅིག་བསྡུས་ཁྱིམ་ཚང”(社区家庭集体户)དུ་སྡོད་པར་རེ་ཞུ་བྱས་ཆོག (ཟི་ལིང་གྲོང་ཁྱེར་དུ་གཞིས་ཆགས་ན་རྒན་གསོའི་འགན་སྲུང་དངུལ་ལོ3ལ་སྤྲོད་དགོས།)

གསུམ། འཁོར་རྒྱུག་མི་ཚོགས་ཀྱི་སྐབས་སྡོད་དཔང་ཡིག་དྲ་ཐོག་ནས་ཐོ་འདོད་བྱེད་པར་སྐུལ་འདེད་བྱས་ཏེ། འཁོར་རྒྱུག་མི་ཚོགས་ཀྱིས་མཚོ་སྔོན་ཉི་འོད་ཉེན་དོན་སྟེགས་བུའི(青海阳光警务平台)སྟེང་སྐབས་སྡོད་དཔང་ཡིག་རེ་ཞུ་བྱས་ཆོག

བཞི། མངག་གཏོང་ཁང་གིས་དཔང་ཡིག་སྣ་ཚོགས་སྤྲོད་པའི“གཅིག་གྱུར་ལྔ”ཡི་བྱ་བའི་གཏན་འབེབས་ནན་ཏན་སྒོས་དོན་འཁྱོལ་དང་། ཞིང་ཆེན་ཡོངས་ཀྱིས་གཅིག་གྱུར་སྒོས་སྤྱོད་པའི“མངག་གཏོང་ཁང་གིས་དཔང་ཡིག་འདོན་མི་ཆོག་པའི་གསལ་བཤད་ཡི་གེ”བཀོལ་སྤྱོད་བྱས་ཏེ། མང་ཚོགས་མངག་གཏོང་ཁང་དུ་སོང་ནས་དཔང་ཡིག་སྤྲོད་པར་རེ་ཞུ་བྱེད་པ་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་མི་མཐུན་པ། དཔང་ཡིག་སྤྲོད་པའི་བླང་བྱ་ལས་ཁུངས་རང་གིས་གཏན་འབེབས་བྱས་པའི་ཁོངས་སུ་གཏོགས་ན། མངག་གཏོང་གིས་ཡིག་ཐོག་གི་གསལ་བཤད་ཡི་གེ་འདོན་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།