ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་བཅའ་ཁྲིམས་བློ་འདྲིའི་བྱ་བ་དངོས་སུ་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ4པའི་ཚེས9ཉིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་བཅའ་ཁྲིམས་བློ་འདྲི་མཁན་གདན་འདྲེན་ཞུ་བའི་མཛད་སྒོ་དང་བཅའ་ཁྲིམས་ཐད་ཀྱི་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། བཅའ་ཁྲིམས་བློ་འདྲིའི་བྱ་བ་དངོས་སུ་འགོ་བརྩམས་པ་རེད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཁག་དང་གཏན་སྡོད་ལས་ཁུངས་སྐོར་ཞིག་གི་འགན་ཁུར་བློ་མཐུན་སོགས་བཞུགས་མོལ་གྲོས་ཚོགས་ལ་ཞུགས་པ་རེད།

ངོ་སྤྲོད་བྱས་པ་ལས་ཤེས་གསལ་ལྟར་ན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་བཅའ་ཁྲིམས་བློ་འདྲི་བྱ་བའི་སྒྲིག་སྲོལ་གསར་འཛུགས་བྱས་ཏེ། ཁྱོན་ཡོངས་ནས་ཧ་ཅང་གཟབ་ནན་སྒོས་ཏང་གི་ཁ་ཕྱོགས་དང་མཐུན་པའི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ལྟ་རྟོག་སྒྲིག་གཞིའི་བཅོས་སྒྱུར་གྱི་གནས་བབ་གསར་བའི་འོག ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་ཁྲིམས་བསྟུན་རྒྱལ་སྐྱོང་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། ཁྲིམས་བསྟུན་འཛུགས་སྐྲུན་གྱི་བཀོད་སྒྲིག་རེ་འདུན་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་གལ་ཆེན་གཞིར་བཟུང་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱི་ཁྲིམས་འཛིན་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་ཁྲིམས་ལ་བརྟེན་ནས་མཐོར་འདེགས་སུ་གཏོང་པ། བཅའ་ཁྲིམས་ཁྲིམས་ལ་སྦྲེལ་བའི་ནུས་པ་དང་ཆུ་ཚད་ཟུང་འབྲེལ་གྱིས་རང་ཞིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་རང་བཞིན་ལ་སྐུལ་འདེད་བཏང་ནས་སྒྲིག་སྲོལ་ཅན་ཏུ་གཏང་རྒྱུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ད་རུང་ཆེད་དུ《མཚོ་སྔོན་ཞིང་ཆེན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་བཅའ་ཁྲིམས་བློ་འདྲི་བྱ་བའི་ཚོད་ལྟའི་ལག་བསྟར་བྱེད་ཐབས》ཞེས་པ་པར་སྐྲུན་འགྲེམས་སྤེལ་སྒོས་བཅའ་ཁྲིམས་བློ་འདྲི་བྱ་བའི་སྒྲིག་སྲོལ་ལ་འགན་སྲུང་བྱས་ཡོད།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་བཅའ་ཁྲིམས་བློ་འདྲི་མཁན4ཆེས་ཐོག་མར་ཆེད་དུ་གདན་འདྲེན་ཞུས་ཤིང་། བཅའ་ཁྲིམས་རིག་པའི་ཆེད་མཁས་པ་དང་ཁྲིམས་རྩོད་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པ། ཆབ་སྲིད་ཀྱི་སྤུས་ཚད་མཐོན་པོ་ལྡན་པ། ལས་རིགས་ཀྱི་ཀུན་སྤྱོད་དང་བཅའ་ཁྲིམས་ཀྱི་བྱེད་ནུས་ལེགས་པོ་ལྡན་མཁན་ཏག་ཏག་ཡིན་ངེས། གདན་འདྲེན་ཞུས་འོངས་པའི་བཅའ་ཁྲིམས་བློ་འདྲི་མཁན་དག་གིས་བསྟན་དོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་བཅའ་ཁྲིམས་བློ་འདྲི་བྱ་བའི་འགན་འཁྲི་ཧ་ཅང་ལྕི་བ་མ་ཟད། འོས་འགན་རླབས་ཆེན་ཡང་ཡིན་པས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཆབ་སྲིད་ཀྱི་སློབ་སྦྱོང་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཀུན་སྤྱོད་དང་ལྡན་པའི་ལས་རིགས་བརྩི་སྲུང་དང་བྱ་བའི་གསང་དོན་དམ་སྲུང་། རང་ནུས་འགན་འཁྲི་ལག་བསྟར་ནན་མོ་བཅས་ཀྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་བཅའ་ཁྲིམས་བློ་འདྲི་མཁན་ལེགས་པོ་ཞིག་བྱས་ཏེ། རོགས་སྒྲུབ་བྱ་བར་ནུས་པ་ཐོན་པ་དང་བློ་འདྲི་མཁན་ཚད་ལྡན་བྱས་ནས། རང་ཞིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཐད་ལ་རང་ཉིད་ཀྱི་ཤེས་རབ་དང་སྟོབས་ཤུགས་གང་ཡོད་ཕུལ་ཏེ་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།